ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

རྒྱ་གར་གྱི་སྲིད་བློན་གྱིས་ཨུ་རུ་སུ་དང་འབྲེལ་ལམ་བ་བཟང་དུ་གཏོང་རྒྱུའི་རྣམ་འགྱུར་བསྟན།


རྒྱ་གར་གྱི་སྲིད་བློན་ནཱ་རིན་དྷྲ་མོ་དྷིས་དང་
རྒྱ་གར་གྱི་སྲིད་བློན་ནཱ་རིན་དྷྲ་མོ་དྷིས་དང་

ཨུ་རུ་སུའི་ནང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་རྒྱ་གར་གྱི་སྲིད་བློན་ནཱ་རིན་དྷྲ་མོ་དྷིས་རེས་གཟའ་མིག་དམར་ཉིན་ཨུ་རུ་སུའི་རྒྱལ་ས་མོས་ཀོའི་ནང་རྒྱ་གར་དང་ཨུ་རུ་སུའི་དབར་ཕན་ཚུན་ཡིད་ཆེས་དང་། རྩི་མཐོང་གཞི་ལ་བཞག་སྟེ་འབྲེལ་ལམ་གནང་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག སྲིད་འཛིན་པུ་ཀྲིན་ལ་བསྔགས་བརྗོད་བྱས་འདུག

དེ་ཡང་རྒྱ་གར་གྱི་སྲིད་བློན་མོ་དྷི་ལོ་ལྔའི་རྗེས་ཨུ་རུ་སུའི་ནང་ཉིན་གཉིས་རིང་རྒྱལ་དོན་འཚམས་འདྲི་གནང་སྐབས་རེས་གཟའ་མིག་དམར་ཉིན་སྲིད་འཛིན་པུ་ཀྲིན་དང་ཐུག་འཕྲད་བྱས་པ་མ་ཟད། ཁུལ་དེར་གནས་སྡོད་རྒྱ་གར་བའི་འདུ་འཛོམས་ཞིག་ལ་གཏམ་བཤད་ཀྱང་གནང་འདུག གཟའ་འཁོར་སྔོན་མར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་མཐོ་རིམ་མི་སྣ་ཞིག་གིས་སྲིད་བློན་མོ་དྷི་ཨུ་རུ་སུའི་ནང་ཆེད་ཕེབས་གནང་རྒྱུ་དེ་དུས་ཡུན་རིང་པོའི་སྔོན་ནས་འཆར་གཞི་ཡོད་པ་ལས་དུས་ཚོད་དེ་ལ་གནད་འགག་ཆེན་པོ་གང་ཡང་བརྩི་འཇོག་བྱ་རྒྱུ་མེད་ཅེས་གསུངས་ཡོད་ནའང་། ད་ལམ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨུ་རུ་སུའི་ནང་ཉིན་གཉིས་རིང་ཕེབས་རྒྱུའི་དུས་ཚོད་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བྱང་ཨཌ་ལན་ཌིག་དམག་དོན་ཆིངས་ཡིག་སྒྲིག་འཛུགས་ཀྱི་ལྷན་ཚོགས་བསྐྱང་སྐབས་ཕྱི་ལོ་༢༠༢༢ལོའི་ནང་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་དཔུང་འཇུག་བྱས་པའི་གནད་དོན་ཐད་གཙོ་བོ་གླེང་སློང་གནང་རྒྱུའི་དུས་ཚོད་གཉིས་མཉམ་འཁེལ་བྱུང་ཡོད་པ་རེད། སྲིད་བློན་མོ་དྷིས་རྒྱ་གར་བ་ཚང་མས་དུས་ཚོད་ཡག་སྡུག་ཇི་འདྲ་ཞིག་ཡིན་རུང་ཨུ་རུ་སུ་ནི་རྒྱ་གར་བ་ཚོའི་མཛའ་གྲོགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད་ཅེས་གསུངས་པ་དང་སྦྲགས་ ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་ནི་རང་གི་གྲོགས་པོ་ཉེ་བོ་གཅིག་ཡིན་ཞེས་བསྔགས་བརྗོད་ཀྱང་བྱས་འདུག

ལོ་བཅུ་ཕྲག་འགའ་ཤས་རིང་ཨུ་རུ་སུ་ནི་རྒྱ་གར་ལ་གོ་མཚོན་ཚོང་འགྲེམས་བྱེད་མཁན་གཙོ་བོ་དེ་ཡིན་པ་མ་ཟད། རྒྱ་གར་དང་ཨུ་རུ་སུའི་དབར་དེ་སྔ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་ནས་འབྲེལ་ལམ་ཉེ་པོ་ཡོད་མཁན་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཨ་རི་གཙོ་བོར་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་བཙན་བཤེད་ཀྱི་བྱ་སྤྱོད་ལ་ཁ་གཏད་གདོང་ལེན་བྱེད་རྒྱུའི་ནུས་པ་རྒྱ་གར་ལ་ཡོད་པར་ངོས་འཛིན་བྱས་ནས་རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ཨུ་རུ་སུས་ཡུ་ཀེ་རེན་ལ་དམག་འཐབ་བྱས་པའི་དོན་རྐྱེན་ལ་རྒྱ་གར་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ཚོའི་དབར་ལངས་ཕྱོགས་མི་འདྲ་བ་འཛིན་གྱི་ཡོད་པ་དང་། དེ་ཡང་ཨུ་རུ་སུས་ཡུ་ཀེ་རེན་ལ་དམག་འཐབ་བྱས་པ་དེར་རྒྱ་གར་གྱིས་སྐྱོན་བརྗོད་བྱས་མེད་པ་མ་ཟད། ཨུ་རུ་སུ་ནས་རྡོ་སྣུམ་རིན་གོང་དམའ་བོར་ཉོ་སྒྲུབ་བྱས་དང་བྱེད་བཞིན་པ་རེད། དེ་ལྟར་ནའང། རྒྱ་གར་གྱིས་ཨུ་རུ་སུ་དང་ཡུ་ཀེ་རེན་གཉིས་ཀྱི་དཀའ་རྙོག་དེ་ཕྱི་འབྲེལ་དང་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་འབོད་སྐུལ་གནང་ཡོད།

ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་རེས་གཟའ་ཟླ་བའི་ཕྱི་དྲོ་ཙམ་ལ་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་སྣེ་ལེན་ཟབ་རྒྱས་ཞུས་པ་མ་ཟད། སྲིད་བློན་མོ་དྷི་མཇལ་ནས་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པའི་གནས་ཚུལ་དེ་ཡུལ་དེའི་གཞུང་གཉེར་ཊས་གསར་ཁང་གིས་སྤེལ་འདུག སྲིད་བློན་མོ་དྷི་ཡིས་སྲིད་འཛིན་པུ་ཀྲིན་ཐུག་འཕྲད་མ་བྱས་ཙམ་གྱི་གོང་དེར་ཨུ་རུ་སུས་ཡུ་ཀེ་རེན་གྱི་རྒྱལ་ས་ཀིཝ་ཀྱི་སྨན་ཁང་ཞིག་ལ་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱས་པའི་ནང་ཉུང་མཐར་མི་༤༡རྐྱེན་ལམ་བཏང་ཡོད་པ་རེད། དེ་རྗེས་ཨེཀ་སི་སྤྱི་ཚོགས་དྲ་ལམ་ཐོག་སྲིད་བློན་མོ་དྷིས་པུ་ཊིན་དང་འཐམ་རེ་བྱས་པའི་དཔར་འདོན་སྤེལ་བྱས་པ་དེར་ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་གི་འགོ་ཁྲིད་དང་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་བྱེད་མཁན་ཁྲིམས་འགལ་ཅན་གྱི་འགོ་ཁྲིད་གཉིས་འཐམ་རེས་བྱས་པ་ནི་ཧ་ཅང་བློ་ཕམ་དང་ དེ་ནི་ཞི་བདེ་བསྐྲུན་རྒྱུའི་ལས་དོན་ལ་གནོད་སྐྱོན་ཆེན་པོ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག

གསར་འགོད་པ། ཀུན་བཟང་སྒྲོལ།

རྩོམ་སྒྲིག་པ། བློ་བཟང་ཡེ་ཤེས།

ཞུ་དག་གཏོང་མཁན། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG