ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༧/༡༩

རྒྱ་གར་གྱི་ཆོས་དཔོན་བྷོ་ལེ་བྷ་བྷའི་ཚོགས་འཛོམས་དེ་རྡོ་རྫིས་མིའི་ཚེ་སྲོག་ལ་གོད་ཆག་ཅན་ལ་གྱུར་བ།


།རྒྱ་གར་གྱི་ཉེན་རྟོག་པ་ཟུར་པ་ཆོས་དཔོན་ལ་བསྒྱུར་བ་བྷོ་ལེ་བྷ་བྷའི་
།རྒྱ་གར་གྱི་ཉེན་རྟོག་པ་ཟུར་པ་ཆོས་དཔོན་ལ་བསྒྱུར་བ་བྷོ་ལེ་བྷ་བྷའི་

༄༅། །རྒྱ་གར་གྱི་ཉེན་རྟོག་པ་ཟུར་པ་ཆོས་དཔོན་ལ་བསྒྱུར་བ་བྷོ་ལེ་བྷ་བྷའི་ཆོས་བཤད་ལ་མི་ཚོགས་ཆེན་པོ་འདུ་འཛོམས་བྱས་ཡོད་པ་དེ་ཚབས་ཆེ་གོད་ཆག་གི་གནས་སུ་གྱུར་འདུག་པ་དང་། དེ་ཡང་དབུས་ཞིང་ཕོངས་པའི་དད་ལྡན་རྒྱ་གར་བ་མང་པོས་ཁོང་དཀོན་མཆོག་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རུའི་ཀྲར་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་རེས་གཟའ་མིག་དམར་ཉིན་ཁོང་ལ་དད་གུས་བྱེད་མཁན་མང་ཚོགས་ལ་ཆོས་བཤད་གྲུབ་རྗེས་མི་ཚོགས་ཀྱི་ཚང་ཀའི་དོན་རྐྱེན་ནང་རྡོ་རྫི་འོག་མི་༡༢༡ཙམ་ལ་སྲོག་སྐྱོན་བྱུང་འདུག་པ་དང་། དེ་དག་མང་ཆེ་བ་ནི་བུད་མེད་དང་ཕྲུ་གུ་རེད་ཅེས་འགྲེན་བརྗོད་བྱས་འདུག

བྷོ་ལེ་བྷ་བྷ་ཆོས་དཔོན་ལ་མ་བསྒྱུར་གོང་ཉེན་རྟོག་པའི་ལས་ཀ་བྱེད་མྱོང་ཡོད་ཅིང་། དོན་དངོས་ལ་ཁོང་གི་མིང་ལ་སུ་རཇ་ པལ་ སིང་ཡིན་པ་དང་། ཕྱིས་སུ་མིང་བརྗེ་པོ་བརྒྱབས་ཏེ་ནཱརྱན་ ས་ཀར་ ཧ་རི་ཞེས་མིང་བསྒྱུར་བྱས་འདུག ད་ལྟའི་ཆར་ཁོང་གང་དུ་ཡོད་ཤེས་རྟོགས་ཐུབ་ཀྱི་མེད་ཅིང་། དོན་རྐྱེན་དེ་བྱུང་སའི་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏར་ པྲ་དེཤའི་ཉེན་རྟོག་པ་ཚོས་ཆོས་དཔོན་བྷོ་ལེ་བྷ་བྷ་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད་ཅེས་བཤད་འདུག ཆོས་དཔོན་བྷོ་ལེ་བྷ་བྷ་ནི་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ པྲ་དེཤའི་ནང་ལོ་བཅུ་ཕྲག་གཅིག་མིན་ཙམ་གྱི་རིང་ཉེན་རྟོག་པའི་ལས་ཀ་བྱས་ཡོད་པ་དང་། དེ་རྗེས་ཉེན་རྟོག་པའི་ལས་ཀ་ནས་དགོངས་ཞུ་བྱས་ཏེ་ཆོས་དཔོན་ལ་བསྒྱུར་ཡོད་སྐོར་མངའ་སྡེའི་ཉེན་རྟོག་པའི་ཆེས་མཐོའི་འགན་འཛིན་སུ་དྷིར་ཀུ་མར་གྱིས་འགྲེལ་བརྗོད་བྱས་འདུག་ ཆོས་དཔོན་བྷོ་ལེ་བྷ་བྷ་ཨུ་ཏར་པྲདེཤའི་གྲོང་གསེབ་ཀཱ་སི་གྷན་ཇི་ནས་ཡིན་པ་དང་། ཀཱ་སི་གྷན་ཇི་ཞེས་པའི་ས་གནས་དེ་མང་ཚོགས་རྡོ་རྫི་ཐེབས་ཡུལ་ས་གནས་ཧཱ་ཐཱ་རཱས་ཉེ་འགྲམ་དུ་ཆགས་ཡོད་པ་རེད། ཆོས་དཔོན་བྷོ་ལེ་བྷ་བྷ་ཡིས་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པར་དེཤ་དང་རཱ་ཇས་ཐན། དེ་བཞིན་མ་དྷྱ་ པར་དེཤ་བཅས་རྒྱ་གར་བྱང་ཕྱོགས་ས་གནས་ཁག་ལ་ཟླ་རེའི་བདུན་ཕྲག་དང་པོའི་རེས་གཟའ་མིག་དམར་འཆར་ཅན་བསྐྱོད་དེ་ཆོས་བཤད་བྱེད་ཀྱི་ཡོད་ཅིང།་ ས་ཁུལ་དེ་དག་གི་ནང་ཁོང་ལ་དད་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་སྐོར་ས་གནས་ཀྱི་བརྒྱུད་ལམ་ཁག་གིས་འགྲེལ་བརྗོད་བྱས་འདུག་ རྒྱ་གར་གྱི་རིགས་རུས་དམའ་བའི་དྷཱ་ལིཏ་སྤྱི་ཚོགས་ཀྱིས་ཆོས་དཔོན་བྷོ་ལེ་བྷ་བྷ་ཡི་ཆོས་བཤད་བྱེད་དགོས་པའི་དམིགས་ཡུལ་ནི་བྱམས་པ་དང་སྙིང་རྗེ་ལྡན་པའི་ཕུལ་བྱུང་གི་སྤྱི་ཚོགས་བསྐྲུན་རྒྱུ་དང་། རྨོངས་དད་མེད་པ་བཟོ་རྒྱུ་བཅས་ཀྱི་དམིགས་ཡུལ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཆོས་དཔོན་བྷོ་ལེ་བྷ་བྷ་ཡི་གསལ་བསྒྲགས་དང་བརྙན་འཕྲིན་སོགས་ཡུ་ཊུབ་དྲ་ལམ་ཐོག་འདོན་སྤེལ་བྱས་པ་དེ་ཚོར་ལྟ་ཀློག་བྱེད་མཁན་མི་ས་ཡ་འགའ་ཤས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་པ། རྩོམ་སྒྲིག་འགན་འཛིན་རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG