ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

རྒྱ་གར་གྱིས་བོད་དང་ཐེ་ཝན་ལ་འབྲེལ་བ་བྱས་ཏེ་རྒྱ་ནག་ལ་བློ་འཚབ་བྱུང་།


 རྒྱ་གར་གྱི་སྲིད་བློན་མོ་དྷིས་
རྒྱ་གར་གྱི་སྲིད་བློན་མོ་དྷིས་

༄༅།། ཉེ་དུས་ཤིག་ནས་རྒྱ་གར་གྱིས་བོད་དང་ཐེ་ཝན་ལ་འབྲེལ་བ་འཛིན་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་ལ་བློ་འཚབ་བྱུང་། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དང་དབུས་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཞིབ། ཨ་རིའི་གྲོས་ཚོགས་འཐུས་མིའི་འཚམས་འདྲི་དེ་བོད་ཀྱི་མདུན་ལམ་ལ་འབྲེལ་བ་ཡོད་པ་དང་དམིགས་ཡུལ་ཆེན་པོ་ཞིག་རེད། རྒྱ་གར་གྱི་སྲིད་བློན་མོ་དྷིས་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་གནང་བ་དང་ཕྱི་སྲིད་བློན་ཆེན་གྱིས་དགོང་མོ་དེར་གསོལ་སྟོན་བཤམས་པ་རེད་ཅེས་གནས་ཚུལ་སྤེལ།།

རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་གི་ཡོད་པ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ངོས་ཟིན་དགོས། ཨ་མི་རི་ཀས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་རྩ་འཛིན་བྱ་དགོས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་འཛམ་གླིང་ཡོངས་ལ་བརྡ་ལོག་པ་ཞིག་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སྐྱོན་བརྗོད་བྱས་ཀྱང་རྒྱ་གར་གྱི་འགོ་ཁྲིད་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་རྡ་རམ་ས་ལ་ནས་ཕྱིར་ལོག་བྱས་པའི་ཉིན་དེར་མཇལ་འཕྲད་དང་སྣེ་ལེན་ཞུས་པར་རྒྱ་ནག་ཁོང་ཁྲོས་བརྟས། རྒྱ་གར་གྱིས་བོད་དང་ཐེ་ཝན་ལ་འབྲེལ་བ་གང་འདྲ་ཞིག་བྱས་ཀྱང་རྒྱ་ནག་དོགས་འདྲོག་ཆེན་པོ་ལང་རྒྱུ་ཆོས་ཉིད་རེད། རྒྱ་གར་གྱིས་རྒྱལ་ཁབ་གཞན་ལ་མཉམ་འབྲེལ་བྱས་ནས་བོད་དང་ཐེ་ཝན་ལ་འབྲེལ་བ་འཛིན་གྱི་ཡོད་ཀྱང་རང་གི་ཁེ་ཕན་ཐོག་ཏུ་གཞན་ལ་བསྟུན་མཁས་མི་བྱེད་པའི་ལངས་ཕྱོགས་བཟུང་ཡོད་པ་རེད་ཅེས་གསར་འགྱུར་ཐོན།།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དང་དབུས་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཞིབ།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དང་དབུས་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཞིབ།

རྒྱ་གར་གྱིས་ཐེ་ཝན་ལ་འཐབ་ཇུས་ཟླ་གྲོགས་ཀྱི་འབྲེལ་བ་བཙུགས་པ་དང་བོད་ལ་མཚོན་དོན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སྟོབས་ཆེན་རྒྱལ་ཁབ་གཞན་ལ་མཐའ་གཅིག་ཏུ་མ་བསྙེས་པར་རང་སྟོབས་ཀྱི་ལངས་ཕྱོགས་འཛིན་གྱི་ཡོད་པ་མཚོན་ཐུབ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧར་ཤ་པན་ཊས་(Harsh Pant)་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་རྒྱ་གར་གྱི་ཐབས་ཇུས་དེས་རང་གི་དཔལ་འབྱོར་དང་འཕྲུལ་རིག་གི་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་རྒྱ་ནག་གི་ཤུགས་རྐྱེན་གཅོག་ཐུབ་ཅེས་ལྟ་ཚུལ་བརྗོད། ཉམས་ཞིབ་པ་ཚོས་སྲིད་བློན་མོ་དྷི་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་ཐུག་འཕྲད་བྱུང་བའི་འདྲ་པར་ཞིག་དྲྭ་ལམ་དུ་བཀྲམ་པ་ནི་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་བྱས་ནས་ཨ་མི་རི་ཀར་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་བརྡ་བཏང་བ་རེད་ཅེས་གླེང་།།

ཨ་རིའི་ཝིལ་སིན་ལྟེ་གནས་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མེ་ཁེལ་ཀུ་གྷེལ་མན་
ཨ་རིའི་ཝིལ་སིན་ལྟེ་གནས་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མེ་ཁེལ་ཀུ་གྷེལ་མན་

ཨ་རིའི་ཝིལ་སིན་ལྟེ་གནས་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མེ་ཁེལ་ཀུ་གྷེལ་མན་ནས་རྒྱ་གར་གྱིས་སླར་ཡང་བོད་དང་ཐེ་ཝན་བརྒྱུད་ནས་རིམ་བཞིན་གནོན་ཤུགས་སྤྲོད་རྒྱུ་འགོ་ཚུགས་པ་རེད། རྒྱ་གར་གྱིས་ཨ་རིར་འབྲེལ་བ་འཛིན་གྱི་ཡོད། རྒྱ་གར་ལ་རྒྱ་ནག་གི་ཁ་གཏད་གཅོག་པའི་ཐབས་ཇུས་མང་པོ་ཡོད་ཅེས་གསལ་པོར་བསྟན། སྲིད་བློན་མོ་དྷིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པར་མཇལ་འཕྲད་གནང་བ་དེར་ཆབ་སྲིད་ཀྱི་མཚོན་དོན་ཟབ་མོ་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་རྡ་རམ་ས་ལར་ཕེབས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་བར་རྒྱ་གར་གྱི་རྒྱབ་སྐྱོར་ཆ་ཚང་ཡོད། དེ་ནི་ཡ་རབས་ཀྱི་སྒོ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་མཐུན་འགྱུར་བྱས་པ་གཅིག་པུ་མིན་ཞེས་གསལ་བཀྲོལ་བྱས་པ་ཞིག་རེད། རྒྱ་གར་གྱིས་བོད་དོན་ཐོག་ཏུ་ཉེན་ཁར་གདོང་ལེན་བྱེད་ཕོད་ཀྱི་འདུག་ཟེར།།

མེ་ཁེལ་ཀུ་གྷེལ་མན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་གར་གྱིས་ཐེ་ཝན་ལ་དཔལ་འབྱོར་དང་འཕྲུལ་རིག ལྷག་པར་དུ་སྙིང་ཆས་བཟོ་ལས་ཐོག་ཏུ་མཉམ་འབྲེལ་བྱེད་ཀྱི་འདུག ཐེ་ཝན་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་གར་ཏུ་མ་རྩ་བཙུགས་ནས་བཟོ་གྲྭ་ཕྱེ། ༢༠༢༠་ནས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཧི་མ་ལ་ཡའི་མཐའ་མཚམས་ཁག་ཏུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་འགྲན་སྡུར་ཚུགས། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་མང་དུ་བཏང་ཡོད་པ་བཅས་ལ་གཞིགས་ཚེ། ལྡི་ལི་གསར་པ་དང་པེ་ཅིང་གི་འབྲེལ་བ་ཅི་ཙམ་རྙོག་འཛིང་ཆེ་བ་ངོ་འཕྲོད། རྒྱ་གར་གྱིས་བོད་དང་ཐེ་ཝན་ལ་འབྲེལ་བ་བཙུགས་ན་རྒྱ་ནག་གི་བདག་དབང་ལ་ཁ་གཏད་གཅོག་གི་འདུག་ཅེས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀས་བོད་དོན་ཐག་གཅོད་ཀྱི་གྲོས་ཆོད་བཞག་པ་དང་རྒྱ་གར་གྱིས་ཐེ་ཝན་ལ་འབྲེལ་བ་འཛིན་གྱི་ཡོད་པ་ནི་རྒྱ་ནག་གི་སྟོབས་ཤུགས་གཅོག་པའི་འཆར་གཞི་ཆེན་པོ་ཞིག་རེད་ཅེས་རྒྱ་ནག་གིས་སྐྱོན་བཙུགས། རྒྱ་དཀར་ནག་དང་ཨ་རི་བཅས་ཕྱོགས་གསུམ་གྱིས་རང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་བཟུང་། རྒྱ་གར་གྱིས་རང་གི་སྲིད་ཇུས་ལ་ཕྱི་ལོགས་ན་ས་ཐེ་ཇུས་བྱེད་དུ་འཇུག་རྒྱུ་མིན། རྒྱ་གར་གྱི་ཁེ་ཕན་སྲུང་སྐྱོབ་དམ་པོ་བྱ་རྒྱུ་ཡིན་ཞེས་བརྡ་བཏང་བ་ཞིག་རེད། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཏཱ་ལའི་བླ་མའི་ཡང་སྲིད་དང་སྐུ་ཕྲེང་རྗེས་མ་དེར་རྒྱ་ནག་ལ་ཐེ་ཇུས་བྱེད་དུ་འཇུག་མིན། རྒྱ་ནག་གིས་བོད་དོན་ཐག་གཅོད་བྱ་དགོས་ཞེས་གསལ་བསྒྲགས་བྱས་པ་མཚོན་ཐུབ་ཅེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་སི་ཝལ་
རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་སི་ཝལ་

ཕྱི་ཟླ་༦་པའི་ཚེས་༢༣་ཉིན་རྒྱ་གར་གྱི་ཡུ་རེ་ཤི་ཡ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོ་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པའི་གཞུག་དེར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་སི་ཝལ་(Randhir Jaiswal)་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་མི་དམངས་ཀྱིས་ཆེ་བསྟོད་དང་དད་གུས་གཡོ་བ་མེད་པ་ཞུ་བཞིན་ཡོད་པར་རྒྱ་གར་གཞུང་གིས་གོང་བཀུར་ཞུ་ཡི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཅི་ཞིག་བསྐྱངས་ཀྱང་རང་དབང་ཡོད། སྲིད་བློན་མོ་དྷི་དང་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར། རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་བློན་ཆེན་པི་ཡུ་ཤ་གྷོ་ཡལ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་གནང་བ་རེད་ཅེས་གསལ་བསྒྲགས་སྤེལ།།

རྒྱ་གར་གྱི་ཝཱ་ར་ན་སི་ཧིན་རྡུ་སློབ་གྲྭ་ཆེན་མོའི་མཁས་པ་ཏེ་ཇ་པྲ་ཏབ་སིང་(Tej Pratap Singh)་གིས་སྦྲག་འཕྲིན་དང་པོའི་གསར་ཁང་ལ་བཤད་པ་ལྟར་ན། ༡༩༥༤་ལོར་རྒྱ་དཀར་ནག་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་ཆིངས་ཡིག་དོན་ཚན་ལྔ་ལ་མིང་རྟགས་བཀོད་ཀྱང་༡༩༦༢་ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབ་པ་རེད། ༡༩༧༦་ལོར་རྒྱ་གར་གྱིས་རང་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་ཏེ་༡༩༨༨་ལོར་ར་ཇིབ་གྷན་དྷི་རྒྱ་ནག་ལ་བསྐྱོད། ༢༠༠༣་ལོར་ཝ་ཇཱ་པ་དབྱིས་རྒྱ་ནག་གཅིག་གི་རྩ་དོན་ཁས་བླངས། རྒྱ་གར་གྱིས་གུ་བཤངས་ཇི་ལྟར་བྱས་ཀྱང་རྒྱ་ནག་གིས་བཟང་ལན་སློག་མྱོང་ཡོད་པ་མ་རེད། རྒྱ་ནག་གིས་དེ་ལས་ལྡོག་སྟེ་འབྲས་ལྗོངས་ཕྱོགས་སུ་འཁྲུག་རྩོད་བསླངས་པ་དང་ཀསྨིར་གྱི་རྩ་དོན་ལ་ཐེ་ཇུས། ས་མཚམས་ཀྱི་རྩོད་གཞི་ཁག་གཏན་ནས་ཐག་གཅོད་བྱེད་ཀྱི་མེད་པ་རེད་ཅེས་བཤད། རྒྱ་གར་གྱིས་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་བློན་མོ་དྷིའི་གཞུང་གིས་བོད་དོན་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG