ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

རྒྱ་དཀར་ནག་གཉིས་བོད་སའི་མིང་སྒྱུར་གྱི་འགྲན་སྡུར་ཚུགས།


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་སྲིད་གཞུང་གིས་བོད་ནང་གི་ས་ཆ་༣༠་ཐམ་པའི་མིང་བསྒྱུར་དགོས་པའི་ཆོག་མཆན་བཀོད། དེ་ནི་རྒྱ་ནག་གིས་མོན་ཡུལ་ལམ། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ཁག་ཅིག་གི་མིང་བསྒྱུར་བར་ལན་པ་བསློགས་པ་ཡིན་ཞིང་། ཕྱི་ཟླ་༦་པའི་ཚེས་༡༢་ཉིན་གསར་འགྱུར་༡༨་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོའི་ཕྱི་ཟླ་༥་པ་ནས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་། འདས་པའི་ལོ་བཞིའི་རིང་ཕྱོགས་གཉིས་ཀྱི་དམག་དོན་མི་སྣ་ཚོས་གྲོས་མོལ་ཐེངས་༢༡་བྱས་ཀྱང་གྲུབ་འབྲས་མ་ཐོན། ད་ལོའི་ཕྱི་ཟླ་༤་པའི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༣༠་ཐམ་པའི་མིང་བསྒྱུར་ཏེ་རྒྱ་གར་གྱིས་ངོ་རྒོལ་དྲག་པོ་བྱས། སྲིད་བློན་མོ་དྷིའི་ལས་དུས་གསུམ་པའི་སྐབས་སུ་རྒྱ་ནག་གི་བཙན་བཟུང་འོག་ཏུ་ཚུད་པའི་བོད་ནང་གི་ས་ཆ་ཁག་ཅིག་ལ་རྒྱ་གར་གྱི་མིང་བཏགས། ས་ཆ་དེ་དག་གི་བདག་དབང་རྒྱ་གར་ལ་ཡོད་ཅེས་མངའ་ཁོངས་ཀྱི་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་

རྒྱ་གར་གཞུང་གིས་བོད་ནང་གི་ས་མིང་བསྒྱུར་བ་དེ་དག་གི་གྲས་སུ་རི་བོ་༡༢་དང་ཆུ་བོ་བཞི། མི་མང་གནས་སྡོད་བྱ་ཡུལ་༡༡་དང་མཚོ་གཅིག ལ་ཞིག་དང་ཐང་ཞིག་བཅས་ས་ཆ་༣༠་འདུས། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གིས་ཨ་རུ་ན་ཅལ་ལ་ཙང་ནན་ཏེ། ལྷོ་བོད་ཅེས་མིང་གསར་པ་བཏགས་ཀྱང་དོན་དངོས་ལ་འགྱུར་བ་གང་ཡང་ཐེབས་མི་ཐུབ་ཟེར། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ང་ཚོས་རྩ་དོན་ཁག་ཅིག་གི་ཐོག་ཏུ་རྒྱ་ནག་དང་པ་ཀི་སི་ཐན་གྱི་སྟེང་དུ་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་འབྲེལ་བ་འཛིན་སྟངས་དང་འགལ་ཟླ་འབྱུང་སྟངས་མ་འདྲ་བ་ཡིན། རྒྱ་ནག་ལ་མཚོན་ན་ས་མཚམས་ཀྱི་རྩོད་གཞི་ཁག་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུའི་ཐབས་ལམ་ཞིག་འཚོལ་གྱི་ཡོད། པ་ཀི་སི་ཐན་ལ་མཚོན་ན་ལོ་མང་རིང་ས་མཚམས་ནས་འཇིགས་སྐུལ་རིང་ལུགས་པ་བཏང་སྟེ་འཁྲུག་རྩོད་སློང་གི་ཡོད་པ་འགོག་ཐབས་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༦་པའི་ཚེས་༡༢་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བོད་ནང་གི་ས་ཆའི་མིང་བསྒྱུར་བ་དེ་རྣམས་རྒྱ་གར་གྱི་ཆ་འཕྲིན་འཐབ་འཁྲུག་དཔུང་སྡེས་བསྡུ་སྒྲིག་བྱས་པ་དང་ས་མིང་ཆུ་མིང་དེ་དག་གི་ལོ་རྒྱུས་ལ་ཞིབ་འཇུག་གཟབ་ནན། ས་གནས་ཡུལ་མི་ཚོའི་ཡོངས་གྲགས་ཀྱི་བཤད་སྲོལ་རྣམས་གཙིགས་སུ་བཟུང་། ཀ་ལི་ཀ་ཏ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་དབྱིན་ཇིའི་དུས་སྐབས་ཀྱི་ཨེ་ཤི་ཡའི་སྤྱི་ཚོགས་ལྟ་བུའི་ཞིབ་འཇུག་ཁང་རྩེ་ཕུད་ཁག་ལ་ཁུངས་གཏུགས་ནས་རྒྱ་མིང་བཏགས་ཡོད་པ་རྣམས་སུན་འབྱིན། ས་གནས་མི་མང་རྣམས་རང་གི་རི་ཆུ་ལུང་གསུམ་ལ་རྒྱ་མིང་བཏགས་ཡོད་པར་མོས་པ་གཏན་ནས་མི་འདུག རྒྱ་གར་གྱིས་ས་གནས་དང་རྒྱལ་སྤྱིའི་གསར་འཕྲིན་ཁག་བརྒྱུད་ནས་མིང་སྒྱུར་གྱི་ལས་འགུལ་སྤེལ། རྒྱ་གར་གྱི་བཤད་ཚུལ་དེ་ཁྱབ་སྤེལ་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་མགོ་བརྩམས། ༢༠༡༧་ནས་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་ཅིག་གི་མིང་བསྒྱུར་ནས་འཁྲུག་རྩོད་བསླངས།།

སྲིད་བློན་མོ་དྷིའི་ལས་དུས་གསུམ་པའི་སྐབས་སུ་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་
སྲིད་བློན་མོ་དྷིའི་ལས་དུས་གསུམ་པའི་སྐབས་སུ་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་

༢༠༡༧་ལོར་རྒྱ་ནག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༦་གི་མིང་བསྒྱུར། ༢༠༢༡་ལོར་ས་ཆ་བཅོ་ལྔའི་མིང་བསྒྱུར་བ་དང་༢༠༢༣་ལོར་ས་ཆ་༡༡་གི་མིང་བསྒྱུར། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོ་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེར་ཙང་ནན་ཞེས་མིང་བཏགས་ཏེ་ས་མིང་ཆུ་མིང་སྒྱུར་གྱི་ཡོད་པ་ནི་མོན་ཡུལ་གྱི་བདག་དབང་རྒྱ་ནག་ལ་ཡོད་ཅེས་སྒྲུབ་བྱེད་འགོད་ཐབས་ཤིག་རེད་ཅེས་དོགས་པ་ལངས། ༢༠༢༤་ལོའི་ཕྱི་ཟླ་༣་ནང་སྲིད་བློན་མོ་དྷི་མོན་ཡུལ་དུ་ཕེབས་ཏེ་ཟེ་ལའི་ཕུག་ལམ་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས། སྲིད་བློན་མོ་དྷིའི་ལས་དུས་གསུམ་པའི་སྐབས་སུ་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་འཕོ་འགྱུར་མ་བཏང་བ་དེ་ལ་གཞིགས་ཚེ། རྒྱ་གར་གྱིས་ས་མིང་བསྒྱུར་བའི་ཐོ་གཞུང་ཞིག་མྱུར་དུ་ཕྱིར་བསྒྲགས་བྱ་རྒྱུའི་རྟགས་མཚན་ཡིན་སྲིད། ཉམས་ཞིབ་པ་ཚོས་རྒྱ་གར་གྱིས་ས་མིང་གསར་པ་དེ་རྣམས་ཕྱིར་བསྒྲགས་བྱུང་མཚམས་སུ་རྒྱ་དཀར་ནག་གི་འཐབ་རྩོད་སྔར་ལས་ཆེ་རུ་འགྲོ་རྒྱུ་དང་རྒྱ་གར་གྱིས་བོད་དོན་བསྐྱར་གླེང་བྱས་པ་མཚོན་ཐུབ་ཅེས་བསྟན།།

ཕྱི་ཟླ་༦་པའི་ཚེས་༧་ཉིན་བོད་གནས་བསྐྱར་ཞིབ་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་དང་ལོ་མང་རིང་ཧིན་བོད་ས་མཚམས་ཀྱི་རྩོད་གཞི་ཁག་ལ་དོ་སྣང་བྱེད་མཁན་བྷེ་ནུ་གྷོ་ཤ་ཞེས་པ་ཞིག་གིས་སྲིད་བློན་མོ་དྷིས་རང་ཉིད་འགོ་ཁྲིད་དབང་ཐང་ཅན་ཞིག་ཡིན་པའི་རྣམ་པ་བསྟན་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་པས་བོད་པའི་ས་མིང་བསྒྱུར་དགོས་པའི་ཆོག་མཆན་འགོད་རྒྱུ་ཆོས་ཉིད་རེད། རྒྱ་གར་གཞུང་གིས་ས་མིང་བསྒྱུར་བ་ཕྱིར་བསྒྲགས་བྱས་ན་བོད་དོན་བསྐྱར་གླེང་བྱས་པ་དང་གཉིས་སུ་མེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་དབང་བསྒྱུར་འོག་ཏུ་བསྡུས་ཀྱང་རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་བླངས་པ་རེད། ད་ལྟ་སྲིད་བློན་མོ་དྷིའི་གཞུང་ནས་རྒྱ་ནག་གི་མངའ་ཁོངས་རྩོད་ལེན་ལ་དགག་པ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ་ཞེས་བཀྲལ། ད་ལོའི་འོས་བསྡུའི་རྗེས་སུ་སྲིད་བློན་མོ་དྷིའི་ཚོགས་པར་འཐུས་མི་གྲངས་མང་གི་འོས་ཤོག་ཐོབ་མེད་ཀྱང་རྒྱ་དཀར་ནག་གི་འབྲེལ་བ་འཕྲལ་དུ་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཤིན་ཏུ་ཆུང་།།

ཕྱི་ཟླ་༦་པའི་ཚེས་༥་ཉིན་ཌིབ་ལོ་མེ་ཊི་གསར་ཁང་གིས་མིང་འདོན་མ་བྱས་པའི་རྒྱ་གར་གྱི་དམག་དོན་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཉེ་དུས་ཤིག་ནས་རྒྱ་གར་གྱི་དམག་གིས་རྩོད་གཞི་ཆེ་བའི་ཧིན་བོད་ས་མཚམས་ཁག་ཏུ་གསར་འགོད་པ་ཁྲིད། གསར་འགོད་པ་ཚོར་ས་གནས་ཡུལ་མི་ཚོར་བཅར་འདྲི་ཞུ་རུ་བཅུག་སྟེ་རྒྱ་ནག་གིས་ས་མིང་ཆུ་མིང་བཏགས་ཡོད་པ་ཚོར་ས་གནས་མི་མང་གིས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་ཁྱབ་སྤེལ་བྱེད་དུ་བཅུག རྒྱ་གར་གྱི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་གི་བཤད་ཕྱོགས་ལ་ཁ་གཏད་གཅོག་རྒྱུའི་ལས་འགུལ་ཞིག་རེད་ཅེས་གསར་འགྱུར་སྤེལ། རྒྱ་ནག་གིས་མོན་ཡུལ་ཏེ། ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་མིང་བསྒྱུར་ཟིན་པ་རྣམས་རྒྱ་ཡིག་དང་བོད་ཡིག རྒྱ་ཡིག་གི་ཕིན་དབྱིན་བཅས་ཡིག་རིགས་གསུམ་གྱི་ནང་དུ་བྲིས་ནས་འཛམ་གླིང་ཡོངས་སུ་བཀྲམ། ས་ཆ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་རྣམ་པ་སྟོན་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

རྒྱ་དཀར་ནག་གཉིས་བོད་སའི་མིང་སྒྱུར་གྱི་འགྲན་སྡུར་ཚུགས།
རྒྱ་དཀར་ནག་གཉིས་བོད་སའི་མིང་སྒྱུར་གྱི་འགྲན་སྡུར་ཚུགས།

ན་ནིང་ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཧིན་བོད་ས་མཚམས་ཀྱི་ས་གནས་ཁག་གི་ས་མིང་ཆུ་མིང་སྒྱུར་གྱི་ཡོད་པར་མ་ཟད། རྒྱ་གཞུང་གི་ཡིག་ཆ་ཁག་དང་རྒྱལ་སྤྱིའི་ཐོག་ཏུ་བོད་ལ་ཊི་བྷེ་ཊི་(Tibet)་ཞེས་དབྱིན་སྐད་ཀྱི་ཐ་སྙད་ཅིག་ཡོངས་གྲགས་སུ་གྱུར་ཡོད་པ་ནག་སུབ་གཏོང་དགོས། བོད་ལ་དབྱིན་སྐད་དུ་ཊི་བྷེ་ཊི་ཟེར་གྱི་ཡོད་པ་དེའི་ཚབ་ཏུ་རྒྱ་སྐད་ཀྱི་ཞི་ཙང་ཞེས་ཐ་སྙད་བཀོལ་སྤྱོད་བྱ་དགོས་པའི་བཀའ་ཕབ། འདི་ནི་བོད་ཀྱི་རིག་གཞུང་རྩ་མེད་དང་བོད་ཅེས་པ་གོ་ཐོས་མེད་པར་གཏོང་རྒྱུའི་ངན་ཇུས་ཤིག་རེད་ཅེས་སྐྱོན་བརྗོད་ཕོག རྒྱ་ནག་གི་ཁྱབ་བསྒྲགས་དེར་རྒྱལ་སྤྱིའི་ཐོག་ཏུ་མོས་མཐུན་དང་ངོས་ལེན་བྱེད་མཁན་མང་པོ་མེད་ཀྱང་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ནང་དུ་བོད་ཀྱི་ཚབ་ཏུ་ཞི་ཙང་ཞེས་བཀོད། མི་རིགས་ཤིག་རྩ་མེད་གཏོང་དགོས་ན་མི་རིགས་དེའི་སྐད་ཡིག་རྩ་མེད་གཏོང་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་དྲིལ་བསྒྲགས་ལྷན་ཁང་གིས་དབུས་གཞུང་ནས་དུས་རབས་གསར་པའི་བོད་འཛིན་སྐྱོང་ཞེས་པའི་ཡིག་ཆ་དཀར་པོ་བཏོན་པ་རེད། དབྱིན་སྐད་ཀྱི་བོད་ཅེས་པ་དེ་ནི་བོད་མཐོ་སྒང་ལ་གོ་དགོས། ཞི་ཙང་ནི་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་གྱི་ས་གནས་དེའི་གཞུང་འབྲེལ་མིང་ཡིག་ཡིན་ཞེས་བཀོད་ཁྱབ་བཏང་འདུག བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་འཛམ་གླིང་ཡོངས་སུ་བོད་ལ་དབྱིན་སྐད་ཀྱི་ཊི་བྷེ་ཊི་ཞེས་ཁྱབ་ཟིན་ཡོད་པ་རེད། རྒྱ་ནག་གིས་ཞི་ཙང་ཞེས་སྒྱུར་ཐབས་བྱེད་ཀྱི་ཡོད་པ་ནི་འུ་ཐུག་གི་བྱ་བ་ཞིག་ཡིན་པ་སྨོས་ཅི་འཚལ། རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཅེས་པའི་ཐ་སྙད་འཁོད་ཡོད་པ་རྣམས་ཞི་ཙང་ལ་སྒྱུར་གྱི་ཡོད་པ་ནི་བོད་རྩ་མེད་གཏོང་རྒྱུའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཤིག་རེད། རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ས་གནས་ཁག་གི་མིང་རྣམས་སྒྱུར་གྱི་འདུག དེ་ནི་རྒྱ་དཀར་ནག་གི་འཁྲུག་རྩོད་སེལ་ཐབས་ལ་ཕན་ཐོགས་ཡོད་པ་ཞིག་མ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལེན་འདེབས་བྱས་འདུག

གླེང་སྟེགས།

XS
SM
MD
LG