ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱིས་རིག་གཞུང་དང་བྱུང་རབས་གླེང་ནས་གངས་ཏེ་སེ་རྩོད་ལེན།


༄༅།། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲོག་སྦྱོར་གྱི་འཐབ་འཁྲུག་ལངས་ནས་བཟུང་། རྒྱ་དཀར་ནག་གི་འབྲེལ་བ་ཕྱོགས་ཡོངས་ནས་སྡུག་ཏུ་བཟུང་སྟེ་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་སླར་གསོ་འབྱུང་ཐུབ་ཀྱི་མེད་ཅིང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གིས་མོན་རྟ་དབང་ཁུལ་གྱི་ས་གནས་ཁག་༡༥་ལ་གཞུང་འབྲེལ་གྱི་མིང་བཏགས་ཏེ་ས་གནས་དེ་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་མགོ་བརྩམས། ཕྱི་ཟླ་༡་པོའི་ཚེས་༢༡་ཉིན་ཨི་ཡུ་གསར་འགོད་པས་(EU Reporter) གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལ་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཏུ་དེ་ལ་ངོས་ལེན་ཐོབ་ཀྱང་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེར་ལྷོ་བོད་ཅེས་མིང་གསར་པ་ཞིག་བཏགས། ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ཆགས་ཡོད། མོན་རྟ་དབང་ནི་སྔོན་ཆད་བོད་ཀྱི་རྫོང་ཞིག་ཡིན་པ་དང་བོད་རྒྱ་ནག་གི་ཤ་ཆས་ཡིན་པའི་སྟབས་ཀྱིས་ཨ་རུ་ན་ཅལ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཞེས་རྩོད་པ་བཙུགས། དེར་བརྟེན་རྒྱ་གར་བ་ཚོས་ཀྱང་རིག་གཞུང་དང་བྱུང་རབས་གླེང་ནས་རྒྱ་གར་ལ་བོད་ཀྱི་གངས་ཏེ་སེ་དང་མ་ཕམ་གཡུ་མཚོའི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་ཆོག་པའི་ཐོབ་ཐང་འདུག་སྙམ་པའི་བསམ་བློ་འཁོར་གྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་བ་ཚོས་ལོ་༦༠༠༠་ལྷག་གི་ཡར་སྔོན་ནས་གངས་ཏེ་སེ་ནི་ལྷ་ཆེན་དབང་ཕྱུག་གི་གནས་རིར་བརྩི་སྲོལ་ཡོད། གངས་རི་དེར་ཀེ་ལ་ཤ་ཞེས་རྒྱ་གར་གྱི་ས་མིང་བཏགས་ཡོད། དེ་ནི་སངས་རྒྱས་ཆོས་ལུགས་མ་དར་གོང་དང་བོད་ཀྱི་རྒྱལ་ཕྲན་ཁག་ནི་དེ་བས་ཀྱང་མ་ཚུགས་པའི་ཧ་ཅང་གི་སྔ་མོའི་དུས་ཤིག་རེད་ཅེས་སྒྲུབ་བྱེད་བཀོད།།

ཨི་ཡུ་གསར་འགོད་པས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། མ་ཧཱ་ར་ཇ་ཧ་རི་སིང་ཁ་ཆེའི་ཡུལ་གྱི་ཁྲི་ལ་ཕེབས་པའི་སྐབས་སུ་ཇམ་མུ་ཀསྨིར་དང་བོད་བཅས་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་ཞེས་མཚན་གསོལ། རྒྱལ་པོ་ཆེན་པོ་ཧ་རི་སིང་ནི་ཇམ་མུ་ཀསྨིར་གྱི་རྒྱལ་པོ་གཅིག་པུ་མིན་པར་ལ་དྭགས་ཀྱི་ཤར་ཕྱོགས་ཏེ། ཨག་སེ་ཆིན་དང་རི་བོ་ཀེ་ལ་ཤ། མ་ཕམ་གཡུ་མཚོའི་འདབས་རོལ་སོགས་བོད་ཀྱི་དབང་སྒྱུར་འོག་ཏུ་ཤོར་བའི་ས་ཁུལ་ཁག་གི་རྒྱལ་པོའང་ཡིན་ཟེར། ཇམ་མུ་དང་ཀསྨིར་གྱི་མངའ་རིས་ཁོངས་སུ་མཱིན་སར་གཞིས་ཀ་ཚུད། དེ་ནི་དེང་སང་རྒྱ་ནག་གི་དབང་སྒྱུར་འོག་གི་གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་ནས་སྤྱི་ལེ་༢༩༦་གི་མཚམས་སུ་ཆགས་ཡོད། ༡༦༧༩་ནས་༡༦༨༤་བར་དུ་ལངས་པའི་ལ་དྭགས་དང་བོད་ཀྱི་དམག་འཁྲུག་སྐབས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལ་དྭགས་ཤར་ཕྱོགས་ཀྱི་རུ་ཐོག་དང་གུ་གེ ཀེ་ལ་ཤ་དང་སྤུ་ཧྲེང་སོགས་བལ་ཡུལ་གྱི་ས་མཚམས་བར་དུ་ས་ཆ་རྣམས་བཙན་གྱིས་འཕྲོག་ཀྱང་མཱིན་སར་གཞིས་ཀ་རྒྱ་གར་གྱི་མངའ་ཁོངས་སུ་ལུས། ༡༦༨༤་ལོར་ལ་དྭགས་དང་བོད་གཉིས་ཀྱིས་ཆིངས་ཡིག་བཞག་སྟེ་དམག་ཐག་བཅད། ལ་དྭགས་ལ་དགོས་པ་གཉིས་ཀྱི་ཆེད་དུ་མཱིང་སར་གཞིས་ཀར་དབང་སྒྱུར་བྱེད་ཆོག་པའི་ཐོབ་ཐང་སྤྲད་པ་རེད་ཅེས་འཁོད།།

ཨི་ཡུ་གསར་འགོད་པས་རྒྱ་གར་ལ་རིག་གཞུང་གི་ཐོག་ཏུ་ཀེ་ཤ་ལ་དང་མ་ཕམ་གཡུ་མཚོའི་བདག་དབང་རྩོད་ཆོག་པའི་ཐོབ་ཐང་ཡོད་ཟེར་བ་དེར་གཞི་རྩ་བརྟན་པོ་དང་རྒྱལ་སྤྱིའི་ཐོག་ཏུའང་ངོས་ལེན་འཐོབ་ཀྱི་ཡོད། དོན་དངོས་སུ་༢༠༡༩་ལོར་རྒྱ་གར་གྱི་གཞུང་རིག་ལྷན་ཁང་གིས་རེ་སྐུལ་ཞུས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཚོགས་ཀྱི་གནས་ཆེན་ཁག་གི་ཐོ་གཞུང་དུ་གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་འགོད་དགོས་མིན་བསམ་ཞིབ་བྱས་པ་རེད། ༡༦༨༤་ནས་༡༩༦༠་རེ་གྲངས་བར་དུ་ཀ་སྨིར་གྱི་རྒྱལ་པོ་རིམ་པས་མཱིན་སར་གཞིས་ཀ་ནས་དཔྱ་ཁྲལ་བསྡུས། མཱིན་སར་གཞིས་ཀ་ནི་ལོ་༣༠༠་ལྷག་ལ་རྒྱ་གར་གྱི་ཚོང་པ་དང་གནས་སྐོར་བ་ཚོའི་མཐའ་མཚམས་ཀྱི་གནས་ཚང་དུ་གྱུར་ཡོད་ཅེས་བྲིས། རྒྱ་གར་དུ་གནས་འཁོད་ཧྥ་རིགས་བོད་རིག་པའི་ཞིབ་འཇུག་མཁས་པ་ཁེ་ལོ་ཌི་ཨར་ཕིས་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུས་ཞི་བདེ་མཉམ་གནས་ཀྱི་ཞི་བའི་གྲོས་མཐུན་དོན་ཚན་ལྔ་ལག་བསྟར་ཐུབ་ཐབས་དང་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཀསྨིར་གྱི་རྒྱལ་པོ་རིམ་པའི་མངའ་རིས་ཀྱི་རྒྱ་ཁྱོན་དང་བདག་དབང་གི་ཁྱབ་ཚད་རྣམས་ཤེས་བཞིན་དུ་མི་སེར་སྤེལ་བའི་ཐོབ་ཐང་རྣམས་དོར། ཁོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་འགྲིག་མཐུན་ཡོང་རྒྱུ་གཙིགས་སུ་བཟུང་སྟེ་མཱིན་སར་དང་ཀེ་ལ་ཤ་སོགས་ས་གནས་ཁག་བློས་བཏང་བ་རེད་ཅེས་བསྟན། བདུན་ཕྲག་གསུམ་གྱི་གོང་དུ་ལྡི་ལིའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཕུན་ཚོགས་སྟོབས་ལྡན་གྱིས་ཀྱང་ཊི་རི་བྷུན་གསར་ཤོག་ནང་དུ་རྒྱ་ནག་གིས་རིག་གཞུང་བརྒྱུད་ནས་ཧི་མ་ལ་ཡའི་མངའ་ཁུལ་གྱི་ས་གནས་ཁག་གི་མིང་རྣམས་བོད་འགྱུར་བྱེད་པའམ། ཡང་ན་བོད་མིང་གི་མཚོན་དོན་ཡོད་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་དོགས་ཟོན་བྱ་དགོས། བོད་ཀྱི་རིག་གཞུང་གི་ལྟེ་གནས་ནི་རྒྱ་ནག་གི་འོག་ཏུ་ཚུད་ཡོད་པས་རྒྱ་ནག་ལ་ཁེ་ཕན་འཐོབ་པར་འགྱུར། རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་གནས་ཁག་ལ་མིང་གསར་པ་འདོགས་པའི་ཐབས་ཇུས་དེ་ཉིད་ལ་དྭགས་ཀྱི་ས་གནས་ཁག་ལའང་ལག་ལེན་བསྟར་མི་སྲིད་པའི་ངེས་པ་མེད་ཅེས་རྩོམ་ཡིག་བྲིས་ནས་ཉེན་བརྡ་བཏང་འདུག

XS
SM
MD
LG