ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

རྒྱ་གར་ལ་ཏོག་ནད་ཀྱིས་འཆི་སྐྱོན་བྱུང་བའི་མི་གྲངས་འབུམ་༥་ལྷག་བརྒལ།


HEALTH-CORONAVIRUS/INDIA-DEATHS

༄༅།། ཕྱི་ཟླ་༢་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་དེ་རིང་གཟའ་པ་སངས་བར་དུ་མི་འབུམ་༥་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་ཞིང་། ཉམས་ཞིབ་པ་ཁག་གིས་༢༠༢༡་གི་ཕྱི་ཟླ་༤་པ་དང་༥་པ་གཉིས་ལ་རྒྱ་གར་རྒྱལ་ཡོངས་སུ་ནད་རླབས་གཉིས་པ་འཕྱུར་བའི་དུས་སུ་གྲོང་གསེབ་ཁག་ཏུ་མི་གྲངས་སྟོང་ཕྲག་མང་པོར་འཆི་སྐྱོན་བྱུང་ཡང་གཞུང་གི་གྲངས་ཐོའི་ཁོངས་སུ་མ་ཚུད། གལ་སྲིད་རྒྱ་གར་རྒྱལ་ཡོངས་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་ཚང་མ་བསྡོམས་ཐོའི་ཁོངས་སུ་འདུས་ཡོད་ན་ཉུང་མཐར་ཡང་རྒྱ་གར་བ་ས་ཡ་འགའ་ཞིག་ལ་འཆི་སྐྱོན་ཕོག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ༢༠༢༡་གི་ཕྱི་ཟླ་༧་པ་བར་དུ་རྒྱ་གར་བ་འབུམ་༤་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་ཞེས་གཞུང་འབྲེལ་གསར་བསྒྲགས་སྤེལ། རྒྱ་གར་གྱི་ཨཱ་མེ་དྷ་བྷ་ཏ་གྲོང་ཁྱེར་གྱི་རྒྱ་གར་བའི་འཛིན་སྐྱོང་ཉམས་ཞིབ་ཁང་གི་སློབ་དཔོན་ཆིན་མཱེ་ཏུམ་བྷེས་ང་ཚོས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་༢༠༢༡་གི་ལོ་དཀྱིལ་བར་དུ་རྒྱ་གར་བ་ས་ཡ་༣་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་འདུག ང་ཚོའི་ཞིབ་འཇུག་སྙན་ཐོ་དེ་ཚན་རིག་དུས་དེབ་ནང་དུ་བཀོད་པ་ཡིན་ཞེས་བཀྲལ། སློབ་དཔོན་ཏུམ་བྷེ་དང་ལས་རོགས་ཤིག་གིས་རྒྱ་གར་བ་ཅི་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་མིན་ཞིབ་འཇུག་བྱས་ཏེ་གཞི་གྲངས་སུ་བསྒྲིགས། ཟླ་བ་སྔོན་མར་རྒྱ་གར་གཞུང་གིས་ཨཱ་མེ་དྷ་བྷ་ཏ་འཛིན་སྐྱོང་ཞིབ་འཇུག་ཁང་གི་སྙན་ཐོ་དེ་ཚད་ལྡན་མ་རེད་ཅེས་འཐད་ལྡན་དུ་མ་བརྩིས། རྒྱ་གར་ལ་ཌེལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་བྱུང་བའི་སྐབས་སུ་གཞུང་གིས་ཁྱབ་བསྒྲགས་བྱས་པའི་འཆི་སྐྱོན་གྱི་གྲངས་འབོར་དང་ཞུགས་འབུལ་ཁང་། དུར་ས་ཁག་ཏུ་འབྱོར་བའི་ཕུང་པོའི་གྲངས་འབོར་གཉིས་ཁ་མཚུངས་ཀྱི་མེད་པའི་གསར་འགྱུར་མང་དག་ཅིག་ཐོན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཁག་ལ་རྫོང་སྡེ་ཁག་ནས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག་པའི་གྲངས་འབོར་བཏང་བ་རྣམས་གཞི་གྲངས་སུ་བཀོད། འདས་པའི་ཟླ་ཤས་ནང་དུ་རྒྱ་གར་གྱི་མངའ་སྡེ་འགའ་ཞིག་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁ་སྣོན་བྱ་དགོས་བྱུང་ཞིང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་ཁ་གྲངས་གསལ་པོར་འགོད་དགོས་ཞེས་བཀའ་བཏང་བའི་རྗེས་སུ་གཞི་གྲངས་ལ་འཕྲི་སྣོན་སོགས་ཀྱི་ལེགས་བཅོས་བྱས་འདུག རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་པོ་ཞིག་རྫོང་སྡེ་ཁག་གི་གཞི་གྲངས་སུ་མ་འཁོད་པ་དང་འཁོད་ཀྱང་གྲངས་ཐོ་ནོར་འཁྲུལ་ཅན་བཀོད་པ་ཉུང་ཉུང་མིན་པའི་གནས་ཚུལ་ཐོན་འདུག ད་ལྟ་རྒྱ་གར་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་རླབས་གསུམ་པ་ཞིག་འཕྱུར་བཞིན་པའི་སྐབས་ཡིན་པར་མ་ཟད། ཉམས་ཞིབ་པ་ཁག་ཅིག་གིས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཁག་ལ་ཁྱབ་ཟིན་ཡོད་ཀྱང་དབུས་གཞུང་གི་འགོ་ཁྲིད་ཚོས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་ལ་རྩི་ཡི་མི་འདུག་ཅེས་སྐྱོན་བཙུགས། ཟླ་བ་སྔོན་མར་རྒྱ་གར་གཞུང་གིས་བརྟག་དཔྱད་ཀྱི་སྒྲིག་ཁྲིམས་ལྷོད་དུ་བཏང་སྟེ་མངའ་སྡེ་ཁག་ལ་ནད་གཞི་ཛ་དྲག་མིན་ན་ངེས་པར་དུ་བརྟག་དཔྱད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཀའ་ཕབ། འོན་ཀྱང་རྒྱ་གར་གྱི་ས་གནས་ཁག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཇེ་མང་དུ་སོང་བའི་རྗེས་སུ་སླར་ཡང་བརྟག་དཔྱད་བྱ་དགོས་ཞེས་བཀའ་རྒྱ་གསར་པ་བཀྲམ།།

རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་སུ་འཁོད་པ་ལྟར་ན། ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་རྒྱ་གར་བ་བྱེ་བ་༤་དང་ས་ཡ་༢་མ་ཟིན་ཙམ་ལ་ཏོག་དབྱིབས་ནད་དུག་འགོས། ཨ་མི་རི་ཀའི་འཕྲོ་ནས་རྒྱ་གར་ནི་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཤོས་བྱུང་བ་ཨང་གཉིས་པར་གྱུར། རྒྱ་གར་གཞུང་གིས་ནད་རླབས་གསར་པ་འཕྱུར་རྒྱུ་འགོག་ཐབས་སུ་མི་གྲངས་དུང་ཕྱུར་༩་དང་བྱེ་བ་༤་མ་ཟིན་ཙམ་ལ་སྨན་ཐུན་གཉིས་ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ། རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གི་ལས་སྣེ་ཚོ་རི་ཁུག་ལུང་ཁུག་དང་མཐའ་མཚམས། ཁྱིམ་ཚང་རེ་རེ་བཞིན་སྒོ་འགྲམ་དུ་བསྐྱོད་ནས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་རྒྱུའི་ལས་འགན་བསྒྲུབས། རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཨ་སི་མཱི་ཏ་ཀོ་ལ་དི་ཡ་ཞེས་པ་ཞིག་གིས་ང་ལ་ཕྲུ་གུ་དམར་འབྱར་ཞིག་ཡོད་པ་བཅོལ་ས་མེད་པར་ཕྲུ་གུ་རྒྱབ་ལ་ཁུར་ནས་སྨན་ཁབ་རྒྱག་ཏུ་ཕྱིན་པ་ཡིན། ངས་མི་དམངས་ལ་ཏོག་དབྱིབས་ནད་དུག་གི་ཉེན་ཁའི་འོག་ནས་ཐར་དགོས་ན་སྨན་ཁབ་རྒྱག་རྒྱུ་གནད་འགག་ཆེན་པོ་ཡིན་པ་ངོས་ཟིན་དུ་བཅུག་པ་ཡིན་ཞེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག རྒྱལ་ས་ལྡི་ལི་གསར་པར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོ་ཁྱབ་འགྲོ་རྒྱུ་ཉུང་དུ་སོང་སྟེ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན། དེ་རིང་གཟའ་པ་སངས་ཉིན་ལྡི་ལི་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་གཞོན་པ་སི་སོ་དྷི་ཡས་བདུན་ཕྲག་རྗེས་མ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རྣམས་བསྐྱར་དུ་སྒོ་འབྱེད་དུ་འཇུག་རྒྱུ་དང་སྒེར་གྱི་ལས་ཁུངས་ཁག་ལ་ལས་བྱེད་པ་ཆ་ཚང་བསྐྱར་དུ་ལས་ཀར་ཡོང་ཆོག རྒྱལ་ས་ལྡི་ལིའི་རྩེད་ཐང་ཁག་ཀྱང་སྒོ་ཕྱེ་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་དང་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ཞེས་བསྒྲགས།།

རྒྱ་གར་དབུས་གཞུང་དང་མངའ་སྡེ་ཁག གྲོང་ཁྱེར་ཁག་གིས་ཚོང་ལས་དང་འགྲིམ་འགྲུམ་རྣམས་བསྐྱར་དུ་འགོ་འཛུགས་དང་སློབ་གྲྭ་ཁག་སྒོ་འབྱེད་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་ཀྱང་ཏོག་དབྱིབས་ནད་དུག་གི་ཉེན་ཀ་རྩ་འཇོམས་སུ་མ་སོང་། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་འདས་པའི་ཉིན་ཞག་གཅིག་ལ་རྒྱ་གར་བ་༡༠༧༢་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དང་མི་༡༤༩༣༩༤་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས། གོང་གི་འཆི་སྐྱོན་གྱི་གྲངས་འབོར་ཁོངས་ནས་མི་༣༣༥་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེ་གཅིག་པུར་བྱུང་། ཀེ་ར་ལ་མངའ་སྡེའི་མི་འབོར་གྱིས་རྒྱ་གར་ལ་མི་འབོར་དུ་ཕྱུར་༡༣་དང་ཕྱེད་ཀ་ཡོད་པ་དེའི་བརྒྱ་ཆ་༣་མི་ཟིན། ཨ་ཤོ་ཀ་སློབ་གྲྭ་ཆེན་མོའི་དངོས་ཁམས་རིག་པའི་སློབ་དཔོན་གོ་ཏམ་མེ་ནོན་ཞེས་པ་ཞིག་གིས་ཆེས་མཐོའི་ཁྲིམས་ཁང་གིས་བཀའ་ལྟར་ཀེ་ར་ལ་ལྟ་བུའི་མངའ་སྡེ་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་ཁ་གྲངས་གསར་དུ་སྣོན་དགོས་བྱུང་བ་རེད་ཅེས་བསྟན། ཨ་ཤོ་ཀ་སློབ་གྲྭ་ཆེན་མོས་ཀེ་ར་ལ་མངའ་སྡེ་ཡོངས་སུ་མི་གྲངས་ཅི་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་ཅི་ཙམ་ལ་འཆི་སྐྱོན་ཕོག་མིན་རྩད་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཨ་མི་རི་ཀའི་སློབ་ཆེན་འགའ་ཞིག་གིས་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་ལྟར་ན། རྒྱ་གར་བ་ས་ཡ་༣་དང་འབུམ་༤་ནས་ས་ཡ་༤་དང་འབུམ་༧་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་ནད་འགོས་ནས་འཆི་སྐྱོན་ཕོག་འདུག རྒྱ་གར་གཞུང་གིས་ཕྱིར་བསྒྲགས་བྱས་པའི་འཆི་སྐྱོན་གྱི་གྲངས་འབོར་ནི་ཧ་ཅང་གི་དམའ་མོ་ཞིག་རེད་ཅེས་གཞི་གྲངས་བཏོན། རྒྱ་གར་གྱི་ཆེས་མཐོ་ཁྲིམས་ཁང་གི་བཀའ་ལྟར་འཆི་སྐྱོན་གྱི་གྲངས་འབོར་ལ་བསྐྱར་བཅོས་དང་ཁྱིམ་ཚང་ཁག་ལ་དངུལ་སྒོར་གྱོང་གསབ་སྤྲོད་ཀྱི་ཡོད་པའི་མངའ་སྡེ་ཁག་གི་གྲས་སུ་ཀེ་ར་ལ་དང་བྷི་ཧར། སྲིད་བློན་མོ་དྷིའི་ཕ་ཡུལ་གུ་ཇ་ར་ཏ་མངའ་སྡེ་བཅས་སོགས་ཚུད། གུ་ཇ་ར་ཏ་མངའ་སྡེ་གཅིག་པུར་མི་གྲངས་འབུམ་༡་ལྷག་ལ་འཆི་སྐྱོན་ཕོག་སྟེ་གྱོང་གསབ་གྱི་དངུལ་སྒོར་བླངས་པའི་འགེངས་ཤོག་འབྱོར་ཡོད་པའི་གནས་ཚུལ་ཐོན།།

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར། སྨན་ཁང་ཁག་ལ་འཚོ་རླུང་དང་ནད་པ་ཉལ་ས་མེད་པའི་དཀའ་ངལ་ཕྲད། ཐ་ན་རྒྱ་གར་གྱི་འཕྲོད་བསྟེན་དང་སྨན་བཅོས་ལམ་ལུགས་སྦོ་ལུག ཉེ་ཆར་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ས་གནས་མང་དག་ཅིག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་སྒང་ཡོལ་ཟིན་འདུག་ཅེས་གསལ་བསྒྲགས་སྤེལ། འདས་པའི་ལོ་གཉིས་མ་ཟིན་ཙམ་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཚོང་ལས་དང་འགྲིམ་འགྲུལ། སློབ་གྲྭ་སོགས་ལ་བར་ཆད་བྱུང་བ་ལྟར་རྒྱ་གར་ལའང་ཚོང་ལས་དང་ཤེས་ཡོན་སློབ་གསོ། འགྲིམ་འགྲུལ་དང་མི་མང་གི་འཚོ་རྟེན་ལས་ཀ་སོགས་ལ་བར་ཆད་བྱུང་། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡་པོའི་ཚེས་༡༠་ནས་རྒྱ་གར་གཞུང་གིས་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་མང་དང་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་སྨན་པ་དང་སྨན་ཞབས་པ་སོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ནུས་སྐྱེད་སྨན་ཁབ་གསུམ་པ་རྒྱག་འགོ་ཚུགས། དེ་བཞིན་ཕྱི་ཟླ་༡་པོའི་ཚེས་༣་ནས་རྒྱ་གར་གཞུང་གིས་ལོ་༡༥་ནས་༡༨་བར་དུ་སོན་པའི་ལོ་ཆུང་ཚོར་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ད་ལྟ་ཟླ་བ་གཅིག་གི་རྗེས་སུ་ལོ་གྲངས་དེའི་བར་གྱི་མི་འབོར་བརྒྱ་ཆ་༦༥་ལ་ལྷག་ལ་སྨན་ཐུན་དང་པོའི་འགོག་ཁབ་ཐོབ། ད་སྔ་རྒྱ་གར་གཞུང་གིས་མི་གྲངས་དུང་ཕྱུར་མང་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་འདི་འདྲ་ཞིག་རྒྱལ་ཁབ་གཞན་པ་སུ་གཅིག་གིས་ཀྱང་རྒྱག་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG