ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གཞུང་གིས་བལ་ཡུལ་གྱི་ས་ཁྲ་གསར་པར་དགག་བྱ།


བལ་ཡུལ་གྱི་ཁྲིམས་འཛིན་བློན་ཆེན་གྱིས་རྒྱལ་ཡོངས་གྲོས་ཚོགས་ལ་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ཅིག་ལ་སྒྱུར་བཅོས་བཏང་ནས་ས་ཁྲ་གསར་པའི་ནང་དུ་འཁོད་པའི་མངའ་རིས་རྣམས་བལ་ཡུལ་གྱི་ཁྲིམས་མཐུན་མངའ་རིས་ཡིན་ཞེས་འགོད་དགོས་པའི་གྲོས་གཞི་བཏོན། འདི་ནི་བལ་ཡུལ་གཞུང་གིས་རྒྱལ་ཁབ་དེའི་མངའ་རིས་ཀྱི་རྒྱ་ཁྱོན་ལ་བསྐྱར་བཅོས་བྱས་པའི་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་ཡིན་ཞིང་། བལ་ཡུལ་གཞུང་གིས་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་འགྲེམ་སྤེལ་བྱེད་ཡོད་པ་ཁྲིམས་མཐུན་དུ་བསྒྱུར་དགོས་ཞེས་གྲོས་གཞི་བཏོན་པ་ཐེངས་གཉིས་པ་རེད། བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཀྱང་ཁྲིམས་འཛིན་ལྷན་ཁང་གིས་བཏོན་པའི་གྲོས་གཞི་ལྟར་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ལ་སྒྱུར་བཅོས་དང་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་བཀྲམ་ཡོད་པ་ཁྲིམས་མཐུན་ཡིན་ཞེས་གྲོས་ཆོད་འཇོག་རྒྱུ་ཚོད་དཔག་ཐུབ་པ་ཞིག་ཏུ་གྱུར་འདུག ཡིན་ནའང་བལ་ཡུལ་གྱི་ས་ཁྲ་གསར་པ་དེར་རྒྱ་གར་གྱི་ས་ཆ་ཁག་ཅིག་བཀོད་ཡོད་པས་རྒྱ་གར་གཞུང་གིས་བལ་ཡུལ་གྱི་ས་ཁྲ་གསར་པ་དེར་གྲོས་སྡུར་བྱས་ནས་འགོག་ཐབས་བྱ་རྒྱུ། གལ་སྲིད་བལ་ཡུལ་གཞུང་གིས་རྒྱ་གར་གྱི་དགག་བྱ་ཁག་ལ་མ་མཉན་པར་ཆབ་སྲིད་ཀྱི་ས་ཁྲ་གསར་པ་དེ་ཁྲིམས་མཐུན་ཡིན་ཞེས་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ཚེ། རྒྱ་གར་གཞུང་གིས་བལ་ཡུལ་ལ་ལན་པ་ནན་པོ་ཞིག་ཇི་ལྟར་སློག་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། བདུན་ཕྲག་སྔོན་མར་རྒྱ་གར་གྱིས་བལ་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་དེ་ཚོར་གྲོས་སྡུར་བྱས་ནས་ཐག་གཅོད་བྱ་དགོས་ཞེས་རེ་བ་བཏོན། ད་སྔ་བལ་ཡུལ་གཞུང་གིས་ས་མཚམས་ཀྱི་རྩོད་གཞི་ཁག་ལ་གྲོས་སྡུར་བྱ་རྒྱུ་ཡིན་མིན་གྱི་ལན་འདེབས་བྱས་མེད་པ་དང་། བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་རྩ་ཁྲིམས་སྒྱུར་བཅོས་ཀྱི་གནད་དོན་ལ་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་དང་ཊི་རི་བྷུན་ཚགས་པར། བལ་ཡུལ་གྱི་ཀ་ཐེ་མན་དྷུ་ཡིག་ཟམ་ཚགས་པར་བཅས་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་འགོ་ཁྲིད་ཚོས་བལ་ཡུལ་གཞུང་གིས་ལི་ཕུ་ལེཀ་ས་ཁུལ་ནི་རྒྱ་གར་གྱི་མངའ་རིས་ཡིན་པར་སྣང་མེད་གཏོང་གི་འདུག ༡༩༩༡་ནས་ས་གནས་དེ་རྒྱ་དཀར་ནག་གི་ཚོང་འབྲེལ་ས་གནས་ཤིག་ཡིན་ཞེས་གླེང་། བལ་ཡུལ་གཞུང་གིས་ལི་ཕུ་ལེག་ས་གནས་ནི་བལ་ཡུལ་གྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ཞེས་རྩོད་པ་བརྒྱབ། ༢༠༡༩་ལོའི་ཕྱི་ཟླ་༡༡་པར་བལ་ཡུལ་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པས་རྒྱ་གར་གྱི་ས་ཁྲའི་ནང་དུ་ལི་ཕུ་ལེཀ་ས་གནས་འཁོད་འདུག དེ་ནི་བལ་ཡུལ་གྱི་ཁ་འབྲལ་ཐབས་མེད་པའི་མངའ་རིས་ཤིག་ཡིན་ཞེས་རྩོད་འགོ་ཚུགས། དེ་ནས་བཟུང་སྟེ་བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱལ་ཞེན་རིང་ལུགས་ཀྱི་ལངས་ཕྱོགས་འཛིན་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བལ་ཡུལ་གྱི་ཆབ་སྲིད་ལ་ཁ་ལོ་བསྒྱུར། དེང་སྐབས་རྒྱ་དཀར་ནག་གཉིས་བོད་ཀྱི་ས་མཚམས་ཁག་ཏུ་ཁ་རྩོད་དང་ལག་འཛིང་ཐུག་རྒྱུ་ཇེ་མང་ཡིན་པར་མ་ཟད། རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་ཁ་སྣོན་བཏང་ནས་དམག་གསོག་རྒྱག་གི་ཡོད་པའི་དུས་སུ་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་ཞིག་པར་འགྲེམ་བྱས་ཡོད་པ་ཁྲིམས་མཐུན་དུ་བསྒྱུར་པར་རྩ་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་པའི་གྲོས་གཞི་བཏོན། འདི་ནི་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་སྲིད།།

རྒྱ་གར་གཞུང་གིས་བལ་ཡུལ་གྱི་འགོ་ཁྲིད་ཚོར་རྒྱ་ནག་གིས་ལྐོག་ཏུ་ངན་སྐུལ་བྱས་ནས་བལ་ཡུལ་ལ་ས་ཁྲ་གསར་པ་ཞིག་པར་འགྲེམ་བྱེད་དུ་བཅུག་པ་རེད། རྒྱ་ནག་གིས་རྒྱ་གར་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་བསླངས་ནས་རྒྱ་ནག་གི་ཤུགས་རྐྱེན་ལྷོ་ཨེ་ཤི་ཡར་ཁྱབ་ཐབས་བྱེད་ཀྱི་འདུག དཔེར་ན་རྒྱ་ནག་གིས་པ་ཀི་སི་ཐན་དང་བལ་ཡུལ། སིངྒ་ག་ལ་དང་མལ་དིབ་མཚོ་གླིང་རྒྱལ་ཁབ་རྣམས་བརྒྱུད་ནས་རྒྱ་གར་མཐའ་བསྐོར་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་འདུག་ཅེས་སྐྱོན་བཙུགས། རྒྱ་གར་དང་བལ་ཡུལ་གཉིས་ཀས་སྔ་མོ་ནས་རང་རང་གི་ས་ཁྲའི་ནང་དུ་ཀ་ལ་པ་ཎི་དང་ལི་ཕུ་ལེཀ་ས་གནས་ཟུང་བཀོད་ནས་བདག་དབང་རྩོད་ཀྱི་ཡོད་མོད། ད་ལྟ་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་ཞིག་བཏོན་ཡོད་པ་དེའི་ནང་དུ་ལིམ་པི་ཡ་དྷུ་ར་ཡང་ཚུད་ཡོད་པས་རྒྱ་གར་གྱིས་དེ་ལ་དགག་བྱ་དང་དོ་སྣང་གཟབ་ནན་བྱ་དགོས་པ་ཞིག་ཏུ་གྱུར་འདུག ཉེ་ཆར་རྒྱ་གར་གྱིས་ལི་ཕུ་ལེཀ་བརྒྱུད་ནས་ཨུ་དྷར་ར་ཁན་མངའ་སྡེའི་ཁོངས་སུ་ཆགས་པའི་དྷར་ཆུ་ས་གནས་བར་དུ་རྒྱ་ལམ་གསར་འཛུགས་སྐྲུན་བྱས་པ་ལེགས་གྲུབ་བྱུང་། རྒྱ་ལམ་དེ་རྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་རྣམས་ལོ་ལྟར་བོད་ཀྱི་གངས་ཏེ་སེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་བསྐྱོད་པའི་འགྲུལ་ལམ་ལ་སྒོ་ཕྱེ། རྒྱ་གར་གཞུང་གིས་རྒྱ་ལམ་དེ་ཕི་ཐོ་ར་གྷར་རྫོང་ཁོངས་སུ་འཛུགས་སྐྲུན་བྱེད་ཡོད། རྒྱ་གར་གྱི་གནས་སྐོར་བ་རྣམས་གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་སྐོར་དུ་བསྐྱོད་བདེ་བོ་ཞིག་འབྱུང་ཐབས་སུ་རྒྱ་ལམ་དེ་འཛུགས་སྐྲུན་བྱས་པ་ཡིན་ཞེས་བཀྲལ། བལ་ཡུལ་གྱི་སྲིད་བློན་ཨོ་ལིས་ལི་ཕུ་ལེཀ་དང་ཀ་ལ་པ་ཎི། ལིམ་པི་ཡ་དྷུ་ར་རྣམས་བལ་ཡུལ་གྱི་མངའ་རིས་ཡིན། བལ་ཡུལ་གཞུང་གིས་ངེས་པར་དུ་རང་གི་མངའ་རིས་རྣམས་ཕྱིར་ལེན་བྱ་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། དེ་ནས་བལ་བོ་སྟོང་ཕྲག་མང་པོས་རྒྱ་གར་ལ་ངོ་རྒོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་།།

བལ་ཡུལ་གྱི་སྲིད་བློན་ཨོ་ལི།
བལ་ཡུལ་གྱི་སྲིད་བློན་ཨོ་ལི།

བལ་ཡུལ་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཞིག་གིས་སྲིད་བློན་ཨོ་ལིའི་ལངས་ཕྱོགས་དེས་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་ཁག་གི་མི་མང་ལ་དཀའ་ངལ་སྤྲོད་ངེས་རེད། རྒྱ་གར་གཞུང་གིས་བལ་ཡུལ་གྱི་ས་ཁྲ་གསར་པ་དེའི་རྒྱབ་ལོགས་སུ་རྒྱ་ནག་གིས་ངན་སྐུལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་མ་རེད་ཟེར་དཀའ། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་ཟླ་ཤས་གོང་ནས་བལ་ཡུལ་གཞུང་གིས་རྩོད་ཀྱི་ཡོད་པའི་ས་ཆ་རྣམས་རྒྱ་གར་གྱི་མངའ་ཁོངས་ཡིན། དེའི་རྒྱུ་མཚན་ནི་༡༩༩༡་ལོའི་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་སྲིད་བློན་ལི་ཕེང་རྒྱ་གར་ལ་འཚམས་འདྲིར་སླེབས་པ་རེད། རྒྱ་དཀར་ནག་གཉིས་ཀས་སྐབས་དེར་ལེ་ཕུ་ལེཀ་ས་ཁུལ་ནི་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཡིན་པར་ཕྱོགས་གཉིས་ཀྱི་ངོས་ལེན་ཐོབ། ས་ཁུལ་དེར་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཚོང་ལས་བསྐྱར་ཚུགས་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། ༡༩༩༢་ལོའི་ཕྱི་ཟླ་༧་པར་རྒྱ་དཀར་ནག་གཉིས་ཀས་ལི་ཕུ་ལེཀ་ནི་ཕར་འགྲོ་ཚུར་འོང་གི་འགག་སྒོ་ཞིག་ལ་ངོས་འཛིན་བྱས་ནས་གྲོས་མཐུན་དེར་མིང་རྟགས་བཀོད་ཡོད་ཅེས་རྒྱུ་མཚན་བགྲངས། ཧ་ཅང་ཁྱད་མཚར་ཞིག་ལ་ལོ་རབས་༩༠་བའི་ནང་དུ་རྒྱ་དཀར་ནག་གཉིས་ཀྱིས་ལེ་ཕུ་ལེཀ་ཕྱོགས་གཉིས་ཀྱི་ས་མཚམས་ཡིན་ཞེས་གྲོས་མཐུན་བཞག་པར་བལ་ཡུལ་གཞུང་གིས་ངོ་རྒོལ་བྱེད་པའམ། ཡང་ན་ལི་ཕུ་ལེཀ་སོགས་བལ་ཡུལ་གྱི་མངའ་ཁོངས་ཡིན་ཞེས་རྩོད་པ་བརྒྱབ་མྱོང་མེད་པ་རེད།།
ད་ལྟ་བལ་ཡུལ་གྱི་ལངས་ཕྱོགས་ཇེ་མཁྲེགས་སུ་འགྲོ་དོན་ནི་རྒྱ་གར་ལ་ས་མཚམས་ཀྱི་རྩོད་གཞི་དེ་ཚོར་གྲོས་མོལ་བྱ་དགོས་ཞེས་གྲོས་གཞི་བཏོན་པར་རྒྱ་གར་གྱིས་ཡ་ལན་བཟང་པོ་མ་སློག་པར་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་དུས་སུ་གྲོས་མོལ་བྱ་ཐབས་བྲལ། ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་འཇོམས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་ཁག་ལ་གྲོས་མོལ་བྱེད་ཆོག་ཅེས་ལན་སློག བལ་ཡུལ་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུས་སུའང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇི་ན་ཐེ་སིང་རྒྱ་ལམ་སྒོ་འབྱེད་ཀྱི་མཛད་སྒོར་ཕེབས་ཐུབ་ཀྱི་འདུག ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་བྱེད་མི་ཐུབ་པའི་རྒྱུ་མཚན་མེད། རྒྱ་གར་གཞུང་གིས་བལ་ཡུལ་གྱི་འབོད་སྐུལ་ལ་སྣང་ཆུང་བྱེད་ཀྱི་འདུག་ཅེས་བལ་ཡུལ་གྱི་སྲིད་དོན་པ་རྣམས་དང་སྲིད་དོན་ཚོགས་པ་ཁག དེ་བཞིན་སྲིད་བློན་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ལངས་ཕྱོགས་ཇེ་མཁྲེགས་སུ་བཏང་ནས་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་པར་འགྲེམ་བྱས་འདུག བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་རྒྱ་གར་ལ་དངོས་གཞི་མ་མིན་པའི་གྲོས་མོལ་བྱེད་བཞིན་ཡོད། རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་གྱི་ཚེས་གྲངས་གཏན་འབེབས་བྱས་མ་སོང་། ང་ཚོས་རྟག་ཏུ་ཕན་ཚུན་འབྲེལ་བ་བྱེད་བཞིན་ཡོད། ང་ཚོར་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་གནད་དོན་འདི་ཐག་གཅོད་བྱ་འདོད་ཡོད་ཅེས་བཤད། ཕྱི་སྲིད་བློན་ཆེན་གྷེ་ཝ་ལིས་བལ་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལའང་གནད་དོན་དེའི་སྐོར་སྙན་སེང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག དུས་ནམ་ཞིག་རྒྱ་གར་གྱི་དགག་བྱ་ཁག་ལ་བལ་ཡུལ་གཞུང་གིས་མ་མཉན་ན་རྒྱ་གར་གྱིས་འཕྲལ་དུ་བལ་ཡུལ་ལ་ཚོང་ལམ་བཀག་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་འཇུག་གི་མེད་པས་བལ་ཡུལ་ལ་ས་སྣུམ་དང་བྱེ་མ་ཀ་ར། སོལ་རླངས་དང་ཙོང་སོགས་ཉིན་རེའི་འཚོ་བར་མཁོ་བའི་དངོས་ཟོག་རྣམས་ཆད་ཀྱི་ཡོད་པ་རེད།།

XS
SM
MD
LG