ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་དམག་དཔུང་ཁ་སྣོན་བཏང་བ།


རྒྱ་ནག་གིས་ཨེ་ཤི་ཡའི་མངའ་ཁུལ་ཡོངས་ལ་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་ཧི་མ་ལ་ཡའི་རི་རྒྱུད་དུའང་ཁྱབ། རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་རྒྱག་འདོད་མེད་ཟེར གྱི་ཡོད་ཀྱང་ཕྱོགས་གཉིས་ཀྱིས་རང་གི་མཐའ་མཚམས་ཁག་ཏུ་དམག་སྟོང་ཕྲག་མང་པོ་ཁ་སྣོན་གཏོང་གི་ཡོད་ཅིང་། ཕྱི་ཟླ་༥་པའི་འགོ་སྟོད་དུ་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་ཤིག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ཁ་འཛིང་དྲག་པོ་ཐུག དེ་ནས་ཉིན་ཤས་རྗེས་སུ་སླར་ཡང་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལ་དྭགས་ཀྱི་ས་མཚམས་ཤིག་ཏུ་གདོང་ཐུག་བྱུང་འདུག རྒྱ་གར་གྱི་ཉམས་ཞིབ་པ་ཚོས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བརྗོད་པ་ལྟར་ན། ཐེངས་གཞུག་མ་དེར་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་ས་རྡོ་དབོར་འདྲེན་རླངས་འཁོར་དང་ས་བརྐོ་འཕྲུལ་ཆས། དམག་དཔུང་སྐྱེལ་འདྲེན་རླངས་འཁོར་དང་མེ་སྒྱོགསམཚོན་ལྡན་རླངས་འཁོར་བཅས་སྡེབ་འཁྱེར་བྱས་ནས་རྒྱ་གར་གྱི་ས་ཐོག་ཏུ་གཞིས་ཚུགས་ཏེ་ས་ཆ་བཙན་བཟུང་བྱས་འདུག རྒྱ་དཀར་ནག་གིས་སྟངས་འཛིན་ས་ཁུལ་ཁག་ཏུ་མེ་མདའ་རྒྱག་ཆོག་གི་མེད་པས་ྤང་ཀོང་མཚོ་འགྲམ་དུཕྱོགས་གཉིས་ཀྱིས་དམག་གིས་རྡོ་དང་རྒྱུག་པ་སོགས་ཀྱིཕན་ཚུན་འཐབ་རྒོལ་བྱས་ཏེ་རྒྱ་གར་གྱི་དམག་འགའ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཐད་འཕུར་གནམ་གྲུའི་ནང་དུ་ཉེན་སྐྱོ་བྱ་དགོས་བྱུང་བ་དང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལའང་རྨས་སྐྱོན་ཕོག་འདུག་ཅེས་བཤད།།

ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་ཆེན་པོ་ཞིག་རྒྱག་རྒྱུ་རེད་བསམ་གྱི་མེད་ཀྱང་ཉེ་དུས་ཀྱི་འཁྲུགས་འཛིང་དེ་རྣམས༢༠༡༧་ནས་བཟུང་སྟེ་རྒྱ་དཀར་ནག་གི་ས་མཚམས་ཁག་ཏུ་བྱུང་མྱོང་མེད་པའི་ཛ་དྲག་གི་གནས་སྟངས་ཤིག་ལ་གྱུར་འདུག འཛམ་གླིང་གི་མི་འབོར་མང་ཤོས་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་མཐའ་མཚམས་སྲུང་དམག་རྣམས་གདོང་ཐུག་འབྱུང་རྒྱུ་ཇེ་མང་དུ་སོང་ན་རྒྱ་དཀར་ནག་གི་འཁྲུ་ཟིང་སྡུག་ཏུ་འགྲོ་སྲིད་པའི་སྔ་ལྟས་ཤིག་ལ་འགྱུར་སྲིད། རྒྱ་དཀར་ནག་གཉིས་ལ་ས་མཚམས་དབྱིན་ལེ་༢༡༠༠་ཡོད་པ་དེའི་མཐའ་མཚམས་ས་ཁུལ་མང་དག་ཅིག་ཏུ་རྒྱ་ནག་གི་དམག་དཔུང་སི་འཛུལ་དང་དམག་གྲྭ་སྒྲིག་གི་ཡོད་པ་ནི་སྲིད་བློན་མོ་དྷིའི་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཇུས་ཤིག་ཡིན་ཤས་ཆེ། དེང་སྐབས་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འོག་ཏུ་ཚུད་ཀྱང་རྒྱ་ནག་གིས་རྒྱ་གར་ཚུད་པའི་ས་མཚམས་ཀྱི་རྩོད་གཞི་ཁག་ཤུགས་ཆེ་རུ་གཏོང་གི་ཡོད་པ་སྟེ། ཉེ་ཆར་རྒྱ་ནག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཝྭི་ཏེ་ནམ་གྱི་ཉ་པའི་གྲུ་གཟིངས་ཁག་ཅིག་མཚོ་ནང་ལ་ཐིམ་དུ་བཅུག་པར་མ་ཟད། ཐེ་ཝན་ལའང་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཇེ་ཆེ་དང་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་དམ་དྲག་བྱ་རྒྱུ་སྔ་ལས་ཤུགས་ཆེ་རུ་བཏང་འདུག་ཅེས་བཤད། ཨ་རིའི་བྷུ་རུ་ཀིང་སི་ཉམས་ཞིབ་ཁང་གི་རྒྱ་གར་ཚན་པའི་འགན་འཛིན་ཐན་ཝྭི་མ་དྷན་གྱིས་བཤད་པ་ལྟར་ན། ཟླ་བ་སྔོན་མར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་པ་ནི་༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་ཚུན། རྒྱ་དཀར་ནག་གི་ས་མཚམས་ཁག་ཏུ་ལག་འཛིང་བྱུང་བ་ཐེངས་བཞི་པ་དེ་རེདརྒྱ་གར་གཞུང་གིས་རང་གི་མཐའ་མཚམས་སྲུང་དམག་གི་རྒྱུན་ལྡན་སྐོར་གཡེང་ལ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་འགོག་རྐྱེན་བརྒྱབ་སོང་ཞེས་གསལ་བསྒྲགས་ཤིག་སྤེལ་རུང་དོན་དངོས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་རྣམས་བོད་ཀྱི་ས་མཚམས་ཁག་ཏུ་འཁྲུག་རྩོད་ཚབས་ཆེ་ཆུང་ཅི་ཞིག་བྱུང་ཡོད་མེད་གསལ་པོ་ཞིག་མ་བཀྲལ།

ལྡི་ལི་གསར་པའི་སྲིད་ཇུས་ཉམས་ཞིབ་ཁང་གི་འཐབ་ཇུས་ཉམས་ཞིབ་སློབ་དཔོན་བྷ་ར་མ་ཆེ་ལ་ཎིས་བཤད་པ་ལྟར་ན། སྤྱིར་སྲིད་བློན་མོ་དྷི་རྒྱ་གར་གྱི་མངའ་ཁོངས་སྲུང་སྐྱོབ་དང་ཁེ་ཕན་སྲུང་སྐྱོབ་ལ་བཀའ་མོལ་མཁྲེགས་པོ་གསུང་མཁན་ཞིག་རེད། འོན་ཀྱང་ཁོང་གིས་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་འཁྲུག་རྩོད་འབྱུང་གི་ཡོད་པར་གླེང་སློང་བྱ་རྒྱུ་གཡོལ་ཐབས་བྱེད་ཀྱི་འདུག འདི་ནི་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་རྒྱ་གར་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྟེ་དཔལ་འབྱོར་ཉམས་རྒུད་བྱུང་སྐབས་འདིར་རྒྱ་གར་གྱིས་རྒྱ་ནག་ལ་དམག་འཁྲུག་རྒྱག་ཐུབ་པའི་སྟོབས་ཤུགས་མེད་པ་ངོས་ཟིན་ཏེ་རྒྱ་ནག་གིས་ཡུལ་དུསལ་ཚོད་རྩིས་བྱས་ནས་རྒྱ་གར་ལ་ས་མཚམས་ཀྱི་འཁྲུག་རྩོད་སློང་རྒྱུ་ཤུགས་ཆེ་རུ་བཏང་བ་རེད། འདི་ནི་རྒྱ་ནག་གིས་རྒྱ་གར་ལ་ཨ་མི་རི་ཀར་འབྲེལ་བ་དམ་ཟབ་འཛིན་རྒྱུ་ཐལ་དྲགས་ན་དགེ་མཚན་མེད་པའི་ཉེན་བརྡ་བཏང་བ་ཞིག་ཀྱང་ཡིན་སྲིད་ཅེས་བཤད། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ལ་བར་འདུམ་བྱེད་ཆོག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཟླ་ཤས་གོང་ནས་ཨ་མི་རི་ཀས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བའི་ལན་ཁག་ཡོད་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་ཞིང་། རྒྱ་ནག་གིས་རང་གི་དཔལ་འབྱོར་དང་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་རྣམས་ལྷོ་ཨེ་ཤི་ཡར་ཁྱབ་སྤེལ་གཏོང་ཐབས། རྒྱ་ནག་གིས་རྒྱ་གར་མཐའ་བསྐོར་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།།

རྒྱ་གར་གྱི་ནུབ་ཕྱོགས་སུ་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་དང་དཔལ་འབྱོར་རོགས་རམ། པ་ཀི་སི་ཐན་གྱི་དབང་སྒྱུར་འོག་ཏུ་ཚུད་པའི་ཀ་ཤི་མིར་གྱི་ས་གནས་ཤིག་ཏུ་རྒྱ་ནག་གིས་པ་ཀི་སི་ཐན་ལ་ཆུ་ཤུགས་གློག་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་འདུག རྒྱ་གར་གྱི་ཤར་ཕྱོགས་སུ་རྒྱ་ནག་གིས་བལ་ཡུལ་ལ་ཕྱོགས་གང་ཐད་དུ་འབྲེལ་བ་ཡར་རྒྱས་དང་ཤུགས་རྐྱེན་ཇེ་ཆེ། བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་བཏོན་ནས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ཁག་ལ་རྩོད་གཞི་བསླངས། རྒྱ་གར་གྱིས་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་ཞིག་བཏོན་པ་ནི་རྒྱ་ནག་གིས་ངན་སྐུལ་བྱས་ནས་བྱུང་བ་ཞིག་རེད་ཅེས་སྐྱོན་བཙུགས། སྔོན་ཆད་བལ་ཡུལ་རྒྱ་གར་གྱི་མཐུན་གྲོགས་གཙོ་བོ་ཞིག་ཡིན་རུང་༢༠༡༥་ལོར་རྒྱ་གར་གཞུང་གིས་བལ་ཡུལ་ལ་ཚོང་ལམ་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པའི་རྗེས་སུ་བལ་ཡུལ་གཞུང་གིས་རྒྱ་ནག་ལ་འབྲེལ་བ་ཉེ་རུ་གཏོང་རྒྱུ་འགོ་ཚུགས། རྒྱ་གར་གྱི་ལྷོ་ཕྱོགས་སུ་སིངྒ་ལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་པ་དང་མལ་དིབ་མཚོ་གླིང་རྒྱལ་ཁབ་ལའང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་སོང་འདུག རྒྱ་གར་གྱི་དམག་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་ཁང་ཞིག་གིས་བྱེ་མ་གྲུ་གཟིངས་མང་པོ་དབོར་འདྲེན་བྱས་ནས་མཚོ་ནང་དུ་ལྡུག་གི་ཡོད་པ་དང་མ་འོངས་པར་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གནམ་ཐང་ཞིག་གམ། ཡང་ན་མཚོ་འོག་དམག་གྲུའི་འབབ་ཚུགས་ཤིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་རྣམ་པ་འདུག་ཅེས་གནས་ཚུལ་སྤེལ།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་བྱུང་བའི་ལན་ཁག་རྣམས་རྒྱ་གར་ལ་ཡོད། འོན་ཀྱང་ལག་འཛིང་དེ་རྣམས་ཛ་དྲག་ཅན་ཞིག་མ་རེད་ཅེས་ཉེན་ཚབས་ཆུང་དུ་བཏང་ཞིང་། ཕྱི་ཟླ་༥་པའི་ཟླ་དཀྱིལ་དུ་ས་མཚམས་ཀྱི་འཁྲུགས་འཛིང་བྱུང་བའི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་རང་གི་མངའ་ཁོངས་དང་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དེར་འགྱུར་བ་མེད། རྒྱ་གར་གྱི་ཚུར་རྒོལ་དང་སིམ་འཛུལ་ལ་མཐའ་གཅིག་ལ་འགོག་རྒོལ་བྱ་རྒྱུ་ཡིནང་ཚོས་མཐའ་མཚམས་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་གར་ཕྱོགས་ནས་ས་མཚམས་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལས་དོན་སྤེལ་རྒྱུ་དེར་འཛེམ་ཟོན་བྱ་དགོས་ཞེས་བཤད། ༢༠༡༧་ལོར་བོད་དང་འབྲས་ལྗོས། འབྲུག་ཡུལ་བཅས་ཡུལ་ལུང་གསུམ་གྱི་འདྲེས་མཚམས་ཏེ། བོད་ཀྱི་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་འཁྲུགས་འཛིང་བྱུང་སྟེ་ཕྱོགས་གཉིས་ཀས་ཉི་མ་༧༣་ལ་ས་མཚམས་སུ་དམག་ཁྲི་ཚོ་མང་པོ་བཀྲམ་ནས་དམག་འཁྲུག་གི་གྲ་སྒྲིག་བྱས་འདུག རྒྱ་དཀར་ནག་གཉིས་ཀས་རང་གི་སྟངས་འཛིན་མངའ་ཁུལ་གྱི་ས་མཚམས་ཁག་ཏུ་སྐོར་གཡེང་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཉིས་ཀྱི་ས་མཚམས་ལ་དབྱེ་བ་གསལ་པོ་ཞིག་ཕྱེ་མེད་པས་ལ་དྭགས་ཀྱི་སྤང་ཀོང་མཚོའི་གཡས་གཡོན་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྟག་ཏུ་ལག་འཛིང་དང་ཁ་འཛིང་ཐུག་གི་ཡོད་པ་རེད།།

XS
SM
MD
LG