ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

རྒྱ་གར་གྱིས་རྒྱ་སྐད་ཤེས་མཁན་ཞིག་པེ་ཅིང་གི་གཞུང་ཚབ་པར་བསྐོ་བཞག


༄༅།། སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་སྐད་ཤེས་པའི་ཕྱི་འབྲེལ་མི་སྣ་ཉམས་མྱོང་ཅན་པྲ་དིབ་ཀུ་མར་ར་ཝ་ཏ་རྒྱ་ནག་ཏུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པར་བསྐོས། ཉམས་ཞིབ་པ་ཚོས་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཉེན་ཁ་ཡོད་ཀྱང་རྒྱ་གར་གྱིས་གཞུང་ཚབ་པ་བསྐོ་བཞག་བྱེད་སྟངས་དེ་རྒྱ་ནག་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པ་ཞིག་རེད་ཅེས་གླེང་། ཕྱི་ཟླ་༡༢་པའི་ཚེས་༢༢་ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིང་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ལས་ཐོག་ཝྭིཀ་རམ་མི་སི་རི་འཕོ་འགྱུར་གཏོང་རྒྱུ་དང་དེའི་ཚབ་ཏུ་དེང་སྐབས་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ར་ཝ་ཏ་རྒྱ་ནག་ཏུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་བསྐོ་བཞག་བྱས་འདུག ཁོང་མྱུར་དུ་ལས་གནས་གསར་པར་ཕེབས་ནས་ལས་ཁུར་བཞེས་འཆར་འདུག་ཅེས་གནས་ཚུལ་སྤེལ། སྐུ་ཞབས་ར་ཝ་ཏས་ལོ་རབས་༩༠་བ་ནས་རྒྱ་ནག་ལ་འབྲེལ་བ་ཡོད་པའི་ལས་དོན་སྣ་མང་ཞིག་བསྒྲུབས་མྱོང་ཡོད་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་ལོ་མཇུག་གི་གཏམ་བཤད་སྐབས་སུ་རྒྱ་དཀར་ནག་གི་འབྲེལ་བ་དེའི་བཟང་ཕྱོགས་གླེང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་གཏོང་འདོད་མེད་པའི་རྣམ་འགྱུར་བསྟན། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྱང་ཕྱི་སྲིད་བློན་ཆེན་ཝང་དབྱིའི་གཏམ་བཤད་ཀྱི་འགྲོས་ལྟར་ཧི་མ་ལ་ཡའི་ས་མཚམས་ཁག་དང་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་དཀར་ནག་གི་དམག་དཔུང་འགྲེམ་འཇོག་བྱེད་བཞིན་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ས་མཚམས་ཁག་གི་གནས་སྟངས་ཞི་བདེ་བརྟན་ལྷིང་ཡིན་ཞེས་བཤད། འོན་ཀྱང་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ནང་དུ་རྒྱ་གར་གྱི་གཞུང་ཚབ་པ་གསར་པས་ཕྱོགས་གཉིས་ཀྱི་འགལ་ཟླ་སེལ་ཐུབ་བམ། རྒྱ་སྐད་ཤེས་པ་དང་རྒྱ་ནག་ལ་རྒྱུས་མངའ་ཡོད་པ་ཙམ་གྱིས་མཐུན་པོ་ཞིག་ཡིན་པའི་ངེས་པ་མེད་ཅེས་གསར་འགྱུར་སྤེལ་འདུག

རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། གཞུང་ཚབ་པ་གསར་པ་ར་ཝ་ཏ་༡༩༩༠་ཐམ་པའི་ལོར་རྒྱ་གར་གྱི་ཕྱི་འབྲེལ་སྲི་ཞུའི་ཁོངས་སུ་ཞུགས་ཏེ་རྒྱ་སྐད་སྦྱངས། ༡༩༩༢་ནས་༩༧་བར་དུ་ཧོང་ཀོང་དང་པེ་ཅིང་གཉིས་སུ་སྲི་ཞུ་བསྒྲུབས། སྐུ་ཞབས་ར་ཝ་ཏ་སླར་ཡང་པེ་ཅིང་ལ་ཐེངས་གཉིས་པ་ཕེབས་ནས་༢༠༠༣་ནས་༢༠༠༧་བར་དུ་ཕྱི་འབྲེལ་མི་སྣའི་ལས་ཁུར་བཞེས། ཁོང་༢༠༠༧་ལོར་པེ་ཅིང་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གི་ལས་སྣེ་ཨང་གཉིས་པ་སྟེ། ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ལ་བསྐོ་བཞག་བྱུང་། དེ་ནས་ལོ་གཉིས་ཀྱི་རྗེས་སུ་ཕྱི་འབྲེལ་མི་སྣ་ར་ཝ་ཏ་ཐེ་ཝན་ལ་བཏང་སྟེ་ལོ་བཞིའི་རིང་དུ་ཐེ་པེར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས། ༢༠༡༤་ནས་༢༠༡༧་བར་དུ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་ལས་དོན་གྱི་ཤར་ཨེ་ཤི་ཡའི་ཟུང་འབྲེལ་དྲུང་ཆེར་བསྐོ་བཞག་བྱུང་ཞིང་། ༢༠༡༧་ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གི་དམག་དཔུང་གིས་ཉི་མ་༧༣་ལ་དམག་གྲ་བསྒྲིགས་ནས་བསྡད་པའི་སྐབས་སུ་ཕྱི་འབྲེལ་མི་སྣ་ར་ཝ་ཏ་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་གྱི་གྲོས་མོལ་ལ་འབྲེལ་བ་ཆེན་པོ་བྱུང་། ༢༠༡༧་ལོའི་ཕྱི་ཟླ་༩་ནས་ཕྱི་འབྲེལ་མི་སྣ་ར་ཝ་ཏས་ཨིན་རྡུ་ནེ་ཤི་ཡ་དང་ཤར་ཏི་མོར་བཅའ་སྡོད་རྒྱ་གར་གྱི་གཅིག་ལྕོགས་གཞུང་ཚབ་པའི་ལས་ཁུར་བཞེས། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཝང་ཏེ་ཧྭས་བཤད་པ་ལྟར་ན། ད་ལྟའི་རྒྱ་གར་གྱི་གཞུང་ཚབ་པ་མི་སི་རིས་སྲིད་བློན་མོ་དྷི་ཚུད་པའི་སྲིད་བློན་གསུམ་གྱི་སྐུ་སྒེར་དྲུང་ཆེའི་ལས་འགན་བཞེས་འདུག ཁོང་ལ་བསྡུར་ན་གཞུང་ཚབ་པ་གསར་པ་ར་ཝ་ཏ་རྒྱ་ནག་ལ་རྒྱུས་མངའ་ཡོད་པ་དང་རྒྱ་སྐད་ཤེས་པ་སོགས་ཀྱིས་ཕན་ཐོགས་ཡོད་ཤས་ཆེ། ངས་ཤེས་ཚོད་ལ་རྒྱ་གར་གྱི་ཕྱི་འབྲེལ་མི་སྣའི་གྲས་སུ་རྒྱ་སྐད་སྦྱངས་ཡོད་པ་ཚོ་རྒྱ་ནག་ལ་ལྟ་སྟངས་བཟང་པོ་ཡོད་པ་དང་རྒྱ་ནག་ལ་མཛའ་འབྲེལ་འཛིན་གྱི་རེད་ཅེས་བཤད།།

ཧྲང་ཧེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཝང་ཏེ་ཧྭས་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་གྲོས་མོལ་བྱེད་ཐུབ་ཀྱི་མེད་ཀྱང་ལས་དོན་གཞན་གྱི་ཐོག་ཏུ་མཉམ་འབྲེལ་ཡོང་ཐུབ་ཀྱི་འདུག དཔེར་ན་ཉེ་ཆར་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་གྱི་ཚོགས་ཆེན་ཐོག་ཏུ་རྒྱ་དཀར་ནག་གཉིས་ལངས་ཕྱོགས་གཅིག་གྱུར་རེད། དེ་བཞིན་རྒྱལ་སྤྱིའི་ཐོག་ཏུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱ་དགོས་ཟེར་གྱི་ཡོད་པ་དེར་རྒྱ་གར་གྱིས་ཅི་ཡང་མི་སྨྲ་བའི་ལངས་ཕྱོགས་བཟུང་བ་ནི་རྒྱ་ནག་ལ་ངོ་སོ་ཆེན་པོ་ཞིག་རེད། གཟའ་འཁོར་འདིར་རྒྱ་གར་གཞུང་གིས་པེ་ཅིང་དུ་བཅའ་སྡོད་གཞུང་ཚབ་པ་གསར་པ་ཞིག་བསྐོ་བཞག་བྱས་པ་སོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་ཕན་ཐོགས་ཡོང་གི་རེད་ཅེས་ནན་བརྗོད་བྱས་འདུག རྒྱ་གར་གྱི་འཕོ་འགྱུར་འགྲོ་ལ་ཉེ་བའི་གཞུང་ཚབ་པ་མི་སི་རིས་ཀྱང་རྒྱ་དཀར་ནག་གི་འབྲེལ་བར་སྤྲིན་ནག་གིས་སྒྲིབ་ཡོད་ཀྱང་སྤྲིན་ནག་གི་སྲུབས་ན་དཀར་མདངས་ཤིག་འཆར་གྱི་འདུག་ཅེས་ཉམས་ཞིབ་པ་ཝང་ཏེ་ཧྭ་ལ་གླེང་མོལ་བྱས་ཤིང་། ཝང་ཏེ་ཧྭས་ཀྱང་རྒྱ་གར་གྱི་གཞུང་ཚབ་པ་མི་སི་རིས་ལྷག་བསམ་རྣམ་དག་དང་ནུས་པ་གང་ཡོད་ཀྱིས་ལས་དོན་བསྒྲུབས་སོང་ཞེས་བསྔགས་བརྗོད་ཞུས། ཁོ་ཚོ་གཉིས་ཀས་རྒྱ་དཀར་ནག་ཟུང་གིས་ཕན་ཚུན་སྐྱོར་རོགས་བྱ་དགོས་པ་དང་རྩིས་ལོག་ཐེབས་མི་ཉན། ཕ་རོལ་པོར་གདེང་འཇོག་བྱ་རྒྱུ་དམའ་མི་ཉན་ཞེས་མཐའ་སྡོམ་བརྒྱབ། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ལྡི་ལི་གསར་པས་པེ་ཅིང་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་གསར་པ་ཞིག་བསྐོ་བཞག་བྱས་པ་ནི་ཕྱོགས་གཉིས་ཀྱི་གྲོས་མོལ་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་སྲིད། ཡིན་ནའང་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཁག་ལ་རྒྱལ་ནང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ནས་ལས་དོན་ནུས་པ་ཐོན་པ་ཞིག་བསྒྲུབ་ཐུབ་རྒྱུ་ཡིན་མིན་བཤད་དཀའ་ཞེས་གནས་ཚུལ་སྤེལ།།

ཕྱི་ཟླ་༡༢་པའིཚེས་༢༡་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་གར་གཞུང་གིས་དོན་དངོས་ལ་མི་བལྟ་བར་རྒྱལ་ནང་དུ་རྒྱ་ནག་དགྲར་འཛིན་གྱི་འདུ་ཤེས་བསླངས་ཚེ། ལྡི་ལི་གསར་པས་གཞུང་ཚབ་པ་གང་འདྲ་ཞིག་བསྐོས་ཀྱང་རྒྱ་དཀར་ནག་གི་འབྲེལ་བར་འགལ་ཟླ་བྱུང་ཟིན་པ་རྣམས་སེལ་ཐབས་དང་འབྲེལ་བ་སླར་གསོ་བྱེད་ཐུབ་རྒྱུ་ཡོང་ཐབས་བྲལ་ཞེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན། ཧྲང་ཧེ་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཝང་ཏེ་ཧྭ་བཅས་ཀྱི་སྐད་ཆ་དང་རྒྱབ་འགལ་གྱི་གསར་འགྱུར་སྤེལ། རྒྱ་ནག་གི་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་ལུའོ་གོ་ཏུང་ཞེས་འབོད། རྒྱ་གར་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་གི་མཁས་པ་ཚོ་གཞུང་ཚབ་པ་གསར་པ་ར་ཝ་ཏར་རྒྱུས་མངའ་ཆེ། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་སྲུང་འཐབ་ཇུས་སློབ་གླིང་གི་འགན་འཛིན་ཆང་ཧྥེང་གིས་སྐུ་ཞབས་ར་ཝ་ཏ་རྒྱ་དཀར་ནག་གི་འབྲེལ་བར་ཆ་རྒྱུས་ཡོད་པའི་ཉམས་མྱོང་རྒད་པོ་ཞིག་རེད་ཅེས་བཤད། རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ལིན་མིན་ཝང་གིས་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ཚོས་སྔོན་ལ་རྣམ་འགྱུར་ཡག་པོ་ཞིག་བསྟན། ཕྱིས་སུ་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་ལེགས་སྐྱེས་ཕུལ་བ་ཧ་ཅང་ཉུང་ཉུང་ཡིན་པ་མང་དག་ཅིག་བྱུང་ཡོད། ར་ཝ་ཏས་རྒྱ་སྐད་ཤེས་པ་ཙམ་གྱིས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་ངེས་པ་མེད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཧུ་ཀྲི་ཡུང་གིས་གཞུང་ཚབ་པའི་ལས་གནས་དེར་སུ་འདྲ་ཞིག་བསྐོས་ཀྱང་ཁྱད་པར་མི་འབྱུང་། རྒྱ་གར་གཞུང་གིས་རྒྱ་ནག་དགྲར་འཛིན་གྱི་སྲིད་ཇུས་ཤིག་བཟུང་ཡོད་པར་འགྱུར་བ་མ་བཏང་ན་ཕྱོགས་གཉིས་ཀྱི་མཛའ་འབྲེལ་སླར་གསོ་བྱེད་མི་ཐུབ། སྐུ་ཞབས་ར་ཝ་ཏར་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་པ་བདེན་ཡང་བཟང་ཕྱོགས་ཀྱི་ནུས་པ་འདོན་ཐུབ་རྒྱུ་ཡིན་མིན་མི་ཤེས་ཞེས་བཤད་འདུག

ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་ལོ་མཇུག་གཏམ་བཤད་དང་རྒྱ་གར་གྱིས་གཞུང་ཚབ་པ་བསྐོ་བཞག་བྱེད་ཕྱོགས་བཅས་ཀྱིས་རྒྱ་དཀར་ནག་གཉིས་ཀར་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་པ་གསལ་པོ་རེད། ཡིན་ནའང་༡༩༦༢་ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་པ་རྒྱ་གར་མི་དམངས་ཀྱིས་བརྗེད་ཐུབ་ཀྱི་མེད་པ། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་གྷལ་ཝན་ལུང་གཤོང་དུ་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན། རྒྱ་དམག་དེ་ལས་མང་བ་ཞིག་ལ་འཆི་རྨས་བྱུང་སྟེ་རྒྱ་དཀར་ནག་གཉིས་ཀས་དགུན་གྱི་དུས་སུའང་ཧིན་བོད་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱེད་མ་ཐུབ་པར་ལོ་གཉིས་འགྲོ་བཞིན་ཡོད་པར་མ་ཟད། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ཐེངས་༡༣་བྱས་ཀྱང་གྲུབ་འབྲས་ཆེན་པོ་ཞིག་མ་ཐོན། ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀས་བོད་དང་འབྲུག་ཡུལ། འབྲས་ལྗོངས་གསུམ་གྱི་འདྲེས་མཚམས་འབྲོག་ལམ་ས་ཁུལ་དུ་དམག་དཔུང་ཁྲི་ཚོ་མང་པོ་བཀྲམ་ནས་དམག་འཁྲུག་གི་ཉེན་ཁ་བྱུང་། ཉམས་ཞིབ་པ་ཕལ་ཆེ་བས་འབྲོག་ལམ་ས་ཁུལ་གྱི་དོན་རྐྱེན་རྗེས་སུ་རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་དམག་དཔུང་གཏོང་རྒྱུ་དང་འཐབ་འཁྲུག་གི་གྲ་སྒྲིག་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་སོང་། ད་ལྟ་རྒྱ་གར་གྱིས་པེ་ཅིང་དུ་བཅའ་སྡོད་གཞུང་ཚབ་པ་གསར་པ་ཞིག་བསྐོ་བཞག་བྱས་ཀྱང་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་པའམ། ཡང་ན་ལྡི་ལི་གསར་པ་དང་པེ་ཅིང་གི་འབྲེལ་བ་སླར་གསོ་བྱེད་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་རེད་ཅེས་བསྟན་འདུག

XS
SM
MD
LG