ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༡༡/༢༧

རྒྱ་གར་གྱི་མངའ་སྡེ་༡༢་ལ་ཨོ་མི་ཁོ་རོན་ནད་དུག་ཁྱབ་གདལ། 


༄༅།། ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ནས་བྱུང་བའི་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འཛམ་གླིང་རྒྱལ་ཁབ་༩༠་ཡས་མས་ཤིག་ལ་ཁྱབ་ཟིན་ཡོད་ཅིང་། ད་ལྟ་རྒྱ་གར་གྱི་མངའ་སྡེ་༡༢་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཟིན་པའི་གནས་ཚུལ་ཐོན། དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༠༠་བྱུང་བ་དེ་དག་གི་མང་ཆེ་བ་ནི་མ་ཧ་ར་ཤ་ཏྲ་མངའ་སྡེ་དང་རྒྱལ་ས་ལྡི་ལི་གཉིས་ཡིན་འདུག ཁས་ཉིན་གཟའ་ཉི་མར་རྒྱ་གར་རྒྱལ་ཡོངས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༨་བྱུང་། ཐོག་མར་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་རྒྱ་གར་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་ངོ་ཐག་ཆོད། དེ་ནས་བཟུང་སྟེ་བདུན་ཕྲག་གཉིས་ཀྱི་ནང་དུ་རྒྱ་གར་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ལྡབ་གཉིས་མང་དུ་སོང་། རྒྱ་གར་གྱི་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༤༠་མ་ཟིན་ཙམ་ཞིག་ལ་འགོག་ཁབ་ཆ་ཚང་བརྒྱབ་ཟིན་པའམ། ཡང་ན་ཏོག་དབྱིབས་ནད་དུག་འགོས་ཏེ་སྨན་ཁང་དུ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་རྣམས་ཡིན་འདུག ད་ལོ་རྒྱ་གར་ལ་ནད་རླབས་གཉིས་པ་འཕྱུར་ཏེ་དཀའ་ངལ་ཆེན་པོ་ཞིག་ཕྲད་ནས་བཟུང་། རྒྱ་གར་གཞུང་གིས་མི་མང་ལོ་ནར་སོན་པ་དུང་ཕྱུར་༩་དང་ཕྱེད་ཀ་ཙམ་ལ་སྨན་ཁབ་རྒྱག་རྒྱུ་དེར་ཤུགས་སྣོན་བརྒྱབ། དེར་བརྟེན་རྒྱ་གར་བ་ལོ་ནར་སོན་པ་བརྒྱ་ཆ་༨༧་ལ་ཉུང་མཐར་ཡང་སྨན་ཐུན་དང་པོའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་ཡོད་པ་རེད།།

ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་ནང་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༣༢༦་བྱུང་ཞིང་། འདི་ནི་ལོ་གཅིག་དང་ཕྱེད་ཀའི་ནང་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཆེས་ཉུང་ཤོས་སུ་གྱུར། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་མན་ཌ་ཝྭི་ཡས་རྒྱལ་ཡོངས་གྲོས་ཚོགས་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་འདུག་ཟེར་བའི་མི་གྲངས་བརྒྱ་ཆ་༨༠་ལྷག་ལ་ནད་རྟགས་ཐོན་པ་ཙམ་རེད། ང་ཚོས་ནད་དུག་གསར་པ་དེར་དོགས་ཟོན་དང་དེའི་ཉེན་ཚབས་ཆེ་ཆུང་བཅས་ལ་བརྟག་དཔྱད་གཟབ་ནན་བྱེད་བཞིན་ཡོད་ཅེས་སྙན་གསེང་ཞུས། རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཁེ་ཇ་རི་ཝལ་གྱིས་མི་དམངས་ལ་ཁ་རས་གྱོན་དགོས་པ་དང་རྒྱ་གར་དབུས་གཞུང་གིས་མང་ཚོགས་ལ་ཤུགས་འཕར་སྨན་ཐུན་གསུམ་པའི་འགོག་ཁབ་རེ་རྒྱག་དགོས་ཞེས་འབོད་སྐུལ་ཞུས། ལྡི་ལི་གྲོང་ཁྱེར་གཅིག་པུར་མི་འབོར་ས་ཡ་༡༥་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་ཆ་༧༠་ལྷག་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཟིན་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་ནུབ་ཕྱོགས་ཀྱི་གུ་ཇ་ར་ཏ་མངའ་སྡེའི་ཨཱ་མེ་དྷ་བྷ་ཌ་གྲོང་ཁྱེར་གྱི་སྐྱེས་པ་ལོ་ན་༤༥་ལ་སོན་པ་དང་ལོ་ཆུང་ཞིག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། ཁོ་ཚོ་ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་དབྱིན་ཡུལ་ནས་རྒྱ་གར་ལ་འབྱོར། ད་སྔ་རྒྱ་གར་ལ་ཁྱབ་ཀྱི་ཡོད་པའི་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཕོག་མཁན་མང་ཆེ་བ་ཕྱི་རྒྱལ་གྱི་འགྲུལ་པ་བརྒྱུད་ནས་བགོ་བཞིན་ཡོད་པ་ར་འཕྲོད། ཡིན་ནའང་རྒྱལ་ཁབ་ཕྱི་ནང་གཉིས་ལ་འགྲིམ་འགྲུལ་བྱས་མེད་པའི་རྒྱ་གར་བ་ཁག་ཅིག་ལའང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོ་བཞིན་ཡོད་པས་རྒྱ་གར་ལ་སླར་ཡང་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པའི་འཇིགས་སྣང་ཆེ། རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་མི་ཚོགས་འདུ་འཛོམས་ལ་གཡོལ་དགོས་པ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་ཁག་ལ་དམ་འཛིན་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

རྒྱ་གར་གྱི་སློབ་ཕྲུག་ཚོས་ཏོག་ནད་སྔོན་འགོག་ཆེད་ཁ་རས་བརྒྱབ་ཡོད་པ།
རྒྱ་གར་གྱི་སློབ་ཕྲུག་ཚོས་ཏོག་ནད་སྔོན་འགོག་ཆེད་ཁ་རས་བརྒྱབ་ཡོད་པ།

ཕྱི་ཟླ་༡༢་པའི་ཚེས་༢༠་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མ་ཧ་ར་ཤ་ཏྲ་མངའ་སྡེ་གཅིག་པུར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༠་ལྷག་ཡོད་པར་མ་ཟད། ད་ལྟའི་བར་དུ་མངའ་སྡེ་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༦་དང་འབུམ་༦་ལྷག་བྱུང་བ་དང་མི་༡༤༠༠༠༠་ལ་འཆི་སྐྱོན། ཉེ་དུས་ཤིག་ནས་མ་ཧ་ར་ཤ་ཏྲ་མངའ་སྡེར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠༠་ཡས་མས་ཤིག་ལས་མ་བྱུང་བར་ནད་ཡམས་མགོ་འཇོམས་ཀྱི་ཡོད་པའི་རྟགས་མཚན་ཞིག་ཐོན། གཟའ་འཁོར་གཉིས་ཡས་མས་ཤིག་གི་སྔོན་ནས་མངའ་སྡེ་དེར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོ་ཁྱབ་འགོ་ཚུགས་པས་མངའ་སྡེ་གཞུང་གིས་བསྐྱར་དུ་ས་གནས་ཁག་ཅིག་ལ་སྒོ་རྒྱ་བསྡམས་ནས་ནད་དུག་གསར་པ་འདི་སྔོན་འགོག་བྱེད་དགོས་པར་གྱུར། དེ་བཞིན་བདུན་ཕྲག་གཉིས་ཀྱི་ནང་དུ་རྒྱལ་ས་ལྡི་ལིར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༢་བྱུང་། རྒྱ་གར་གྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་ཚོས་དབྱིན་ཡུལ་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བའི་མྱུར་ཚད་དང་རྒྱལ་ཁབ་དེ་དག་གི་མི་འབོར། རྒྱ་གར་གྱི་མི་འབོར་བཅས་ལ་གཤིབ་སྡུར་བྱས་ན་ཉི་མ་རེ་རྒྱ་གར་རྒྱལ་ཡོངས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ས་ཡ་༡་དང་འབུམ་༤་རེ་འབྱུང་སྲིད་པའི་ཉེན་ཁ་འདུག་ཅེས་བཀྲལ། དེས་ན་རྒྱ་གར་གཞུང་གིས་མི་དམངས་ལ་ཕྱི་ལོ་གསར་པའི་དགའ་སྟོན་སོགས་ལ་གཡོལ་དགོས་པ་དང་དགོས་ངེས་མིན་པའི་འགྲིམ་འགྲུལ་རྣམས་ཕྱིར་འཐེན་བྱ་དགོས། ད་དུང་ཡང་རྒྱ་གར་ལ་ཌལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ཁྲི་ཚོ་མང་པོར་འཆི་སྐྱོན་བྱུང་བའི་གཞུག་རྔ་ཟློག་ཐུབ་མེད། ཁ་སྔོན་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༠༠༠་ཙམ་བྱུང་འདུག་ཅེས་བསྒྲགས།།

རྒྱ་གར་གྱི་མི་དམངས་གྲས་སུ་ཨོ་མི་ཁོན་རོན་ཏོག་དབྱིབས་ནད་དུག་སྨན་ཁབ་ཀྱིས་འགོག་ཐུབ་ཀྱི་མེད་པའི་གླེང་སློང་འབྱུང་གི་ཡོད་མོད། འོན་ཀྱང་དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་གྲོས་ཚོགས་གོང་མའི་འཐུས་མི་ཚོར་འགོག་ཁྱབ་ཀྱིས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོག་མི་ཐུབ་པའི་དཔང་རྟགས་གང་ཡང་མི་འདུག ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ལ་སྨན་ཁབ་ཀྱིས་ཕན་ནུས་ཆེན་པོ་འཐོན་གྱི་ཡོད་པའི་གནས་ཚུལ་ཁག་ཅིག་འབྱུང་སྲིད། ད་སྔ་འགོག་ཁབ་ཁག་གིས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོག་ཐུབ་མིན་སོགས་གཤིབ་སྡུར་བྱ་ཡུལ་གཞི་གྲངས་འདང་ངེས་ཤིག་མི་འདུག་ཅེས་སྙན་གསེང་ཞུས། ཨ་མི་རི་ཀ་དང་ཡུ་རོབ་སོགས་འཛམ་གླིང་གི་སྨན་པ་མཁས་པ་ཚོ་དང་ཚན་རིག་པ་ཚོས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འདི་ངོ་བོ་མང་པོར་འགྱུར་ཐུབ་པའི་ནད་དུག་གསར་པ་ཞིག་རེད། མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་རེ་རྒྱག་རྒྱུ་གནད་འགག་ཆེ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཡོད་དོ་ཅོག་གིས་ནད་དུག་བརྒྱ་ཆ་བརྒྱ་ཐམ་པ་འགོག་ཐུབ་པའི་ངེས་པ་གཏན་ནས་མེད། འགོག་ཁབ་བརྒྱབ་པའི་མི་ཚོར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཀྱང་སྨན་ཁང་དུ་སྐྱེལ་དགོས་པ་དང་འཆི་སྐྱོན་བྱུང་བ་སོགས་ཀྱི་ཉེན་ཚབས་བརྒྱ་ཆ་༩༠་ཙམ་ཆུང་བ་འདུག་ཅེས་བསྟན།།

རྒྱ་གར་གྱི་རྒྱལ་ཡོངས་ནད་རིགས་བཀག་སྡོམ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༤་པ་དང་༥་པའི་ནང་དུ་རྒྱ་གར་ལ་ནད་རླབས་གཉིས་པ་འཕྱུར་ཏེ་མི་གྲངས་ས་ཡ་༢༠་ལྷག་ལ་ནད་དུག་འགོས་པ་དང་མི་༡༦༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཞིང་། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ད་ལྟའི་བར་དུ་རྒྱ་གར་བ་ས་ཡ་༣༤་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་གྲངས་༤༧༧༠༠༠་ལྷག་ལ་འཆི་སྐྱོན་ཕོག ཨ་མི་རི་ཀའི་འཕྲོ་ནས་རྒྱ་གར་ནི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ཨང་གཉིས་པར་གྱུར། ཡིན་ནའང་དབྱིན་ཇིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྦྱོར་ཐུབ་པ་དང་རྒྱ་གར་རང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་སྦྱོར་ཐུབ་པ་བཅས་ཀྱིས་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་ཞིག་སེལ། རྒྱ་གར་གཞུང་གིས་རང་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ཞོར་དུ་ཕྱིའི་རྒྱལ་ཁབ་ཁག་ལའང་སྨན་ཁབ་ཕྱིར་ཚོང་བྱས་ཤིང་། ད་ལྟ་རྒྱ་གར་གཞུང་གིས་རྒྱལ་ཁབ་ཁག་ཅིག་ལ་འགྲིམ་འགྲུལ་བཀག་ནས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་རྒྱ་གར་ལ་ཁྱབ་ཏུ་མི་འཇུག་རྒྱུའི་སྔོན་འགོག་གི་བྱ་ཐབས་བསྟེན། ཟླ་ཤས་གོང་དུ་ལོ་མཇུག་འདི་ནས་རྒྱ་གར་གྱིས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་འགྲུལ་པ་ཚོར་སྒོ་འབྱེད་རྒྱུའི་འཆར་འགོད་བྱས་ཀྱང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་ལ་སྒོ་མོ་འབྱེད་རྒྱུ་ཕར་འགྱངས་གཏོང་དགོས་ཐུག་ཡོད་པའི་ལག་གནས་ཚུལ་ཐོན་འདུག

XS
SM
MD
LG