ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

འབྲས་ལྗོངས་གཞུང་གིས་འགྱིག་དམ་བཀོལ་སྤྱོད་བཀག་སྡོམ།


༄༅།། ༢༠༢༢་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནས་བཟུང་སྟེ་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་ཆེད་དུ་འགྱིག་དམ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ། འགྱིག་ཤོག་དང་འགྱིག་དམ་གྱི་ཚབ་ཏུ་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་འཚེ་མེད་པའི་རྩྭ་དང་ཤིང་། ལོ་མ་སོགས་ཀྱི་ཆུ་སྣོད་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའི་ཐག་གཅོད་བྱས་འདུག གཟའ་འཁོར་སྔོན་མར་རྒྱ་གར་གྱི་དུས་བབ་ཚགས་པར་དང་ཡིད་ཆེས་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་༢༠༢༢་ལོའི་ཚེས་མགོ་ནས་མངའ་སྡེ་དེའི་ཁྱབ་ཁོངས་སུ་འགྱིག་དམ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་འགྱིག་དམ་ནང་དུ་ཆུ་བླུགས་ཡོད་པ་རྣམས་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་ཤིག་གཏན་ལ་ཕབ། ཁོ་ཚོས་མ་འོངས་པའི་མི་རབས་གསར་པ་ཚོར་འགྱིག་གི་གད་སྙིགས་མེད་པའི་ཁོར་ཡུག་གཙང་མ་ཞིག་འཇོག་པར་གོམ་སྟབས་དང་པོ་དེ་སྤོས་པ་ཡིན། ང་ཚོ་འབྲས་ལྗོངས་མངའ་སྡེ་གཞུང་ལ་མཉམ་འབྲེལ་བྱས་ནས་འགྱིག་དམ་བཀག་སྡོམ་གྱི་ལས་འགུལ་ལ་མཉམ་ཞུགས་བྱེད་ཀྱི་ཡོད། འབྲས་ལྗོངས་མངའ་སྡེ་གཞུང་གིས་ཁོར་ཡུག་ལ་མི་གནོད་པའི་སྐྱེ་ལྡན་གྱི་ཐོན་སྐྱེད་ཁག་གིས་བཟོས་པའི་ཡོ་བྱད་རྣམས་བཀོལ་སྤྱོད་པའི་ལམ་སྲོལ་ཞིག་དར་སྤེལ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་༢༠༢༢་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནས་དུས་ཡུན་ཟླ་བ་གསུམ་གྱི་རིང་ལ་ཚོང་ཁང་དང་ཟ་ཁང། མགྲོན་ཁང་སོགས་ཚོང་ལས་ཁག་གིས་འགྱིག་དམ་ནང་དུ་ཆུ་བླུགས་ནས་གསོག་ཉར་བྱེད་ཡོད་པ་རྣམས་བཙོང་ཚོར་དགོས་པའི་བར་བརྒོལ་གྱི་དུས་ཚོད་ཅིག་སྤྲོད་རྒྱུ་ཡིན། དུས་ཡུན་ཟླ་བ་གསུམ་གྱི་རྗེས་སུ་འབྲས་ལྗོངས་མངའ་སྡེའི་ནང་དུ་རྒྱ་གར་གྱི་ས་གནས་གཞན་ནས་འགྱིག་དམ་ནང་དུ་འཐུང་ཆུ་བླུགས་ཡོད་པ་རྣམས་ནང་འདྲེན་བྱེད་མི་ཆོག་ཅེས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་དང་མངའ་སྡེའི་སྤྱི་ཁྱབ་གཉིས་ཀས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག འབྲས་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་དང་མཁའ་ལམ་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེས་ང་ཚོས་གྲོང་གསེབ་པ་ཚོར་སྨྱུག་མ་དང་སྐྱེ་དངོས་ཀྱི་རྒྱུ་ཆ་ཁག་གིས་དམ་བེ་སྡེབ་བཟོ་བྱེད་དགོས་པའི་སྐུལ་ལྕག་གཏོང་གི་ཡོད། འབྲས་ལྗོངས་ཀྱི་ཁྱིམ་ཚང་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་འདུག ང་ཚོས་ཡུལ་སྐོར་སྤྲོ་འཆམ་པ་བསུ་བའི་ཁྱིམ་ཚང་ཀུན་ལ་འགྱིག་དམ་བཀོལ་སྤྱོད་བྱེད་མི་ཆོག་པའི་སྒྲིག་ཁྲིམས་ཚུལ་བཞིན་ལག་ལེན་བསྟར་དགོས་ཞེས་བཀོད་ཁྱབ་བཏང་ཡོད། འབྲས་ལྗོངས་མངའ་སྡེ་ཧྲིལ་པོར་རང་ཁྱིམ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསུས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཁྱིམ་ཚང་༩༡༥་ཡོད་ཅིང་། འདི་ནི་རྒྱ་གར་རྒྱལ་ཡོངས་སུ་ཁྱིམ་ཚང་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་བསུས་ནས་ཚོང་ལས་གཉེར་གྱི་ཡོད་པའི་གྲངས་འབོར་ཆེས་མང་ཤོས་ཀྱི་མངའ་སྡེ་དེ་རེད་ཅེས་བཀྲལ།།

༡༩༩༨་ནས་འབྲས་ལྗོངས་གཞུང་གིས་འགྱིག་ཤོག་གི་ཁུག་མ་བཀོལ་སྤྱོད་བྱ་རྒྱུ་བཀག ༢༠༡༦་ལོ་ནས་འབྲས་ལྗོངས་གཞུང་གིས་འགྱིག་ཤོག་གིས་བཟོས་པའི་དཀར་སྡེར་དང་འགྱིག་ཤོག་དཀར་སོབ་ཀྱིས་བཟོས་པའི་དཀར་སྡེར་སོགས་བཀལ་སྤྱོད་བྱ་རྒྱུ་མཚམས་བཞག འབྲས་ལྗོངས་མངའ་སྡེ་གཞུང་གི་ལས་ཁུངས་ཁག་ཏུ་ལོ་ཤས་སྔོན་ནས་འགྱིག་དམ་བཀོལ་སྤྱོད་བྱ་རྒྱུ་མཚམས་བཞག་སྟེ་ཆུ་དམ་བསྐྱར་དུ་བཀོལ་སྤྱོད་བྱེད་ཆོག་པ་དང་སྐོམ་ཆུ་འཐུང་ས་གསར་འཛུགས། ཆུ་ཚགས་སྣོད་ཆས་འཛུགས་རྒྱུ་སོགས་མགོ་བརྩམས། ༢༠༡༢་ལོར་འབྲས་ལྗོངས་བྱང་ཕྱོགས་ཀྱི་ལ་ཆེན་གྲོང་རྡལ་གཞུང་གིས་ས་གནས་དེ་འགྱིག་གི་གད་སྙིགས་མེད་པའི་ས་གནས་སུ་བསྒྱུར། ལ་ཆེན་གྲོང་རྡལ་དུ་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་རང་གི་འགྱིག་དམ་སོགས་གད་སྙིགས་རྣམས་སོ་སོས་གཙང་དག་བྱེད་པའམ། ཡང་ན་འབྲས་ལྗོངས་གཞུང་གིས་བཀོད་སྒྲིག་བྱེད་པའི་དམ་བེ་རྣམས་བཀོལ་སྤྱོད་བྱེད་དགོས་པའི་གདམ་ཀ་གཉིས་ལས་སྤྲོད་ཀྱི་མེད་པར་མ་ཟད། འབྲས་ལྗོངས་ཀྱི་ཞིང་པ་ཚོས་ཀྱང་རྫས་ལུད་སོགས་མེད་པར་སྲོལ་རྒྱུན་གྱི་ལམ་སྲོལ་ལྟར་ས་ཞིང་འདེབས་ལས་ཀྱི་ལས་སུ་ཞུགས། འབྲས་ལྗོངས་ཀྱི་རི་ལུང་ཁག་ཏུ་ཤིང་ནགས་འདེབས་འཛུགས་རྒྱ་སྐྱེད། ཉེ་དུས་ཤིག་ནས་ལྗོངས་གཞུང་གིས་ཀསྨིར་ལ་མིག་དཔེ་བལྟས་ནས་ཁ་ཆེའི་གུར་ཀུམ་གདབ་རྒྱུ། ཀསྨིར་དང་འབྲས་ལྗོངས་གཉིས་གནམ་གཤིས་དང་ས་ཆའི་མཐོ་དམའ་སོགས་འདྲ་མཚུངས་ཡིན་པས་ཁ་ཆེའི་གུར་ཀུམ་བཏབ་ན་ཁེ་ཕན་ཆེན་པོ་ཡོད་པ་ངོས་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG