ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དིང་རིའི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་འཛིན་བཟུང་།


༄༅།། ཉེ་ཆར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤོག་གྲངས་༦༡་ཅན་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་དིང་རི་རྫོང་། བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་ལ་༢༠༢༠་ལོའི་ཕྱི་ཟླ་༩་པར་གཞིས་ཀ་རྩེའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་༢༠༡༩་ལོར་གྲྭ་ཆོས་རྒྱལ་དབང་པོ་ལྷ་སར་ཕྱིན་པའི་སྐབས་སུ་་ཁ་པར་ཇ་ཁང་དུ་ལུས་ཤིང་། ཇ་ཁང་གི་སྦྱིན་བདག་དེས་ཁ་པར་ཉེན་རྟོག་པར་རྩིས་སྤྲོད་བྱས་པའི་རྗེས་སུ་ཁ་པར་ནང་དུ་༢༠༡༥་ལོར་བལ་ཡུལ་ལ་ས་འགུལ་བརྒྱུགས་པ་དེར་དངུལ་སྒོར་ཞལ་འདེབས་སྤྲད་པའི་གནས་ཚུལ་ར་སྤྲོད་བྱུང་སྟེ་ལོ་༢༠་ཐམ་པར་བཙོན་འཇུག་གི་ཁྲིམས་ཐག་བཅད། བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བློ་བཟང་སྦྱིན་པར་ལོ་༡༩་དང་ནོར་བུ་དོན་གྲུབ་ལ་ལོ་༡༧་གྱི་ཁྲིམས་ཆད། ངག་དབང་ཡེ་ཤེས་ལ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

མིང་འདོན་བྱེད་འདོད་མེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ཞིག་གིས་དིང་རི་ཁུལ་དུ་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་རྣམས་འགྲེམ་སྤེལ་བྱུང་བར་དགའ་ཚོར་བྱུང་། ཡིད་སྐྱོ་དགོས་པ་ཞིག་ལ་ལྷ་སའི་ཉེན་རྟོག་པ་དང་དིང་རི་ཁུལ་གྱི་ཉེན་རྟོག་པ་ཚོས་དགོན་པ་དང་ཡུལ་མི་གཉིས་ཀར་ཞིབ་བཤེར་དང་རྡུང་རྡེག་སོགས་ཚད་མེད་བཏང་བས་གྲྭ་བློ་བཟང་བཟོད་པས་རང་སྲོག་བཅད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་ཅེས་བཀྲལ། སྙན་ཐོ་དེར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་ལ་བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG