ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་དང་ཁ་གཏད་པ་ཚོ་རྩ་མེད། 


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟུར་པ་ཧུའུ་ཅིན་ཐའོ་མི་དམངས་ཁང་ཆེན་མོའི་ཚོགས་འདུའི་ཐོག་ནས་བཙན་གྱིས་ཕྱི་ལ་བསྐྲད། རྒྱ་ནག་གི་གུང་གཞོན་ཚོགས་པའི་འཐུས་མི་རྣམས་རྩ་མེད་བཏང་སྟེ་ཞིས་ཅིན་ཕིང་གི་ཨ་ཕྲུག་རྣམས་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་སུ་བསྐོས། ཕྱི་ཟླ་༡༠་པའི་ཚེས་༢༣་ཉིན་ཝོཀ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེའི་གྲུབ་འབྲས་ནི་ཞིས་ཅིན་ཕིང་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་སྲ་བརྟན་བྱུང་བ་དེ་ཡིན་ཞིང་། ལོ་ན་༦༩་ལ་སོན་པའི་ཞིས་ཅིན་ཕིང་གིས་ལས་དུས་གསུམ་པ་འགོ་བཙུགས་ཏེ་རྒྱ་ནག་གི་འགོ་ཁྲིད་ཚོ་ལོ་བཅུ་རེའི་མཚམས་སུ་འཕོ་འགྱུར་གཏོང་དགོས་པའི་ལམ་སྲོལ་ཞིག་གཏད་ཡོད་པ་མཇུག་བསྡུས། ད་ནས་ཞིས་ཅིན་ཕིང་གིས་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་ལམ་དུ་སྐྱོད་ཀྱི་ཡོད་པ་ནི་ཏིང་ཞའོ་ཕིང་གིས་གསར་གཏོད་བྱས་པའི་རྒྱ་ནག་གི་དབང་འཛིན་ལམ་སྲོལ་ལ་རྒྱབ་འགལ་བྱུང་བ་ཞིག་ཡིན་རུང་རྒྱ་ནག་གི་དམར་ཤོག་གི་ལོ་རྒྱུས་ནང་དུ་གཏན་ནས་བྱུང་མྱོང་མེད་པ་ཞིག་མིན་པ་སྟེ། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་༡༩༧༦་ལོར་མ་ཤི་བར་དུ་སྲིད་དབང་བཟུང་། ༡༩༩༧་ནས་ད་ལྟའི་བར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༥་ཡོད་པ་དེ་དག་གི་གྲས་སུ་བུད་མེད་ཀྱི་འཐུས་མི་ཡོད་མོད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་འདེམས་བསྐོ་བྱས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་ཡི་གྲས་སུ་བུད་མེད་གཅིག་ཀྱང་མེད་པར་མའོ་ཙེ་ཏུང་གིས་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཞེས་བསྒྲགས་པའི་འབྲུ་དོན་ལ་རྒྱབ་འགལ་དུ་གྱུར། ཉམས་ཞིབ་ཕལ་ཆེ་བས་རྒྱ་ནག་སླར་ཡང་བུད་མེད་རྣམས་ཕྲུ་གུ་སྐྱེ་མཁན་དངཐབ་ཚང་དུ་ཁྱིམ་ལས་སྒྲུབ་མཁན་འབའ་ཞིག་ཏུ་རྩི་བའི་བཀས་བཀོད་རྒྱུན་འཛིན་ཕོ་དབང་རིང་ལུགས་ཀྱི་སྤྱི་ཚོགས་དེར་ལྟག་ལོག་རྒྱག་གི་འདུག་ཅེས་བསྡོམས་བརྒྱབ།།

དབྱིན་ཇིའི་མན་ཆེ་སི་ཊར་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་རིག་པ་འཆད་ཁྲིད་པ་ཌེ་ཝི་ཌི་སི་ཊི་རོབ་ཀྱིས་ཝོཀ་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་དང་རྒྱུན་ལས་རྣམས་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་ཤ་སྟག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༦་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་ཞིང་། ཧུའུ་ཅིན་ཐའོ་ཡི་གུང་གཞོན་ཤོག་ཁག་གི་འཐུས་མི་གཅིག་ཀྱང་བདམས་མི་འདུག ༢༠༡༧་ནས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་གྲས་སུ་བདམས་པའི་ཝང་ཧུ་ནིང་ཡང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་སུ་བདམས། ཚེ་ཆི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དྲུང་ཆེ་ལྷན་ཁང་གི་འགོ་ཁྲིད་ལ་བསྐོས་ཏེ་ཉིན་རེའི་ཏང་གི་ལས་དོན་ཁག་ལ་ལྟ་རྟོག་བྱ་རྒྱུ། ལི་ཞིས་དབུས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་ཁྲིད་དུ་བསྐོས་ནས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་དེ་རྣམས་ལོ་ན་༦༥་ཡན་ཆད་ཡིན་པས་ཐེངས་རྗེས་མར་འཕོ་འགྱུར་འགྲོ་དགོས་པ་དང་འཐུས་མི་དེ་དག་གི་གྲས་སུ་ཞིས་ཅིན་ཕིང་གི་རྗེས་འཛིན་པ་ཞིག་མི་འདུག དེས་ན་ཞིས་ཅིན་ཕིང་གིས་མུ་མཐུད་དུ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་རེད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་སྲིད་བློན་ལི་ཁེ་ཆང་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་དབྱང་གཉིས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གྲས་ནས་ཕུད་པ་རེད་ཅེས་བསྟན། ལོ་རྗེས་མའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་རྒྱ་ནག་གི་སྲིད་བློན་གསར་པར་བསྐོ་བཞག་བྱ་རྒྱུའི་རྟགས་མཚན་ཐོན།།

ཕྱི་ཟླ་༡༠་པའི་ཚེས་༢༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་བསྐོས། ཁོ་པས་མ་འོངས་པར་རྒྱ་ནག་གི་སྲིད་བློན་གྱི་ལས་ཁུར་འཛིན་རྒྱུ་ནི་ཀུན་གྱིས་ཚོད་དཔག་མ་ཐུབ་པ་ཞིག་རེད། ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་སྔོན་དཔག་འདྲ་མིན་ཞིག་བྱས་ཀྱང་ཏག་ཏག་ཅིག་ཐིག་མ་སོང་། ལི་ཆང་གོ་གནས་འཕར་བ་དེར་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་ཧང་སང་ནས་གནས་ཚུལ་སྤེལ་འདུག དཔེར་ན་ཧོ་རེ་ཊར་སི་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིན་ནས་རང་ལ་བློ་དཀར་བའི་ཧྲང་ཧེ་གྲོང་ཁྱེར་གྱི་འགོ་ཁྲིད་གོ་གནས་སྤར་འདུག་ཅེས་གསར་འགྱུར་སྤེལ། དངུལ་རྩའི་ཚགས་པར་གྱིས་ཞིས་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་འགོ་ཁྲིད་མཐོ་རིམ་འགོ་ཁྲིད་གྲས་སུ་བསྐོས་འདུག་ཅེས་གསར་འགྱུར་སྤེལ། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཧྲང་ཧེའི་བློ་དཀར་བ་ཞིག་ལ་པེ་ཅིང་གི་མཐོ་རིམ་གོ་གནས་ཐོབ་འདུག་ཅེས་གནས་ཚུལ་སྤེལ། བྷེ་རོན་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིང་ལ་བློ་དཀར་བའི་མི་དེ་སྲིད་བློན་རྗེས་མ་དེར་འགྱུར་རྒྱུ་རེད་ཅེས་གསར་འགྱུར་སྤེལ། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཧྲང་ཧེ་འགོ་ཁྲིད་དེ་གོ་གནས་སྤར་བ་ནི་གཞུང་དྲང་བློ་དཀར་གྱི་ཁྱད་ཆོས་གཙིགས་སུ་བཟུང་ནས་སྤར་བ་རེད་ཅེས་འགོ་བརྗོད་ཐོན་པ་རྣམས་ཕྱོགས་བསྡུས་བྱས་ནས་གནས་ཚུལ་སྤེལ། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཟླ་བ་གཉིས་ལྷག་ལ་སྒོ་རྒྱ་བསྡམས། ལི་ཆང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་མ་ཐུབ་པར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་འདེམས་བསྐོ་བྱ་རྒྱུ་ཡིན་མིན་ལ་དོགས་པ་བྱུང་བ་རེད། ད་ལྟ་ཁོ་པ་གོ་གནས་འཕར་བ་ནི་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་པ་འབའ་ཞིག་ལ་བལྟས་པ་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གསར་པ་ཚོར་འཇོན་ཐང་ཡོད་མེད་ལ་མ་བལྟས་པར་གཞུང་དྲང་བློ་དཀར་ཡིན་མིན་ཁོ་ནར་དམིགས་འདུག་ཅེས་བཀྲལ།།

ཝོཀ་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ལི་ཆང་གིས་གཏན་ནས་རྒྱ་ནག་དབུས་གཞུང་གི་གོ་གནས་བཟུང་མྱོང་མེད་ཅིང་། ཁོ་པས་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ་བྱས་རྗེས་བཞག་པ་ནི་ཏོག་དབྱིབས་ནད་དུག་ཁྱབ་ནས་ཟླ་བ་གཉིས་ལྷག་ལ་གྲོང་ཁྱེར་དེར་མི་འབོར་ས་ཡ་༢༥་ཡོད་པ་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་བཀག ཧྲང་ཧེ་བ་ཚོས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་ཞེས་གནས་ཚུལ་སྤེལ། ཨ་མི་རི་ཀ་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཀྲང་དབྱང་གིས་ཞིས་ཅིན་ཕིང་གི་ལྟ་གྲུབ་ནི་རྒྱལ་ཁབ་ལ་གྱོང་གུད་ཕོག་ཀྱང་རང་ལ་གཞུང་དྲང་བློ་དཀར་ཡིན་པ་ཨང་དང་པོར་བརྩིས་འདུག་ཅེས་འགྲེལ་བཤད་བརྒྱབ་འདུག དབྱིན་ཇིའི་མན་ཆེ་སི་ཊར་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་རིག་པ་འཆད་ཁྲིད་པ་ཌེ་ཝི་ཌི་སི་ཊི་རོབ་ཀྱིས་སྲིད་བློན་ལི་ཁེ་ཆང་གིས་དཔལ་འབྱོར་འགྱུར་བཅོས་ལ་འབད་བརྩོན་དང་ཞིས་ཅིན་ཕིང་གི་སྲིད་ཇུས་ལ་ཁ་གཏད་གང་འཚམ་ཞིག་གཅོག་ཐུབ་ཡོད་པ་རེད། ད་ལྟ་ལི་ཁེ་ཆང་ལྟ་བུའི་འགོ་ཁྲིད་ཚོ་གནས་དབྱུང་བཏང་སྟེ་དེའི་ཚབ་ཏུ་ཞིས་ཅིན་ཕིང་གི་བཀའ་སྲུང་ཅི་སྒྲུབ་ཞུ་མཁན་མཁྲེགས་འཛིན་ཅན་རྣམས་བསྐོ་བཞག་བྱས་ཡོད་པ་ནི་འགྱུར་ལྡོག་ཆེན་པོ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་རྒན་གྲས་ཧུའུ་ཅིན་ཐའོ་བཙན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་འདུའི་ཐོག་ནས་ཕྱི་ལ་ཕུད་པ་དེ་འཐུས་མི་གཞན་ཚོར་ཉེན་བརྡ་ཞིག་ཡིན་ཞིང་། ཞིས་ཅིན་ཕིང་གིས་ང་ལ་སུ་ཞིག་གིས་ཁ་གཏད་བཅག་ན་མཇུག་འབྲས་འདི་ལས་མེད་ཅེས་བསྟན་པ་ཞིག་ཡིན་སྲིད། ཧུའུ་ཅིན་ཐའོ་ཡིས་ཞིས་ཅིན་ཕིང་གིས་སྲིད་དབང་རྒྱུན་འཛིན་བྱ་རྒྱུ་དེར་ངོ་རྒོལ་གྱི་འོས་ཤོག་འཕེན་གྲབས་བྱས་པས་ཚོགས་ཐོག་ནས་ཕྱི་ལ་བཙན་ཁྲིད་བྱས་པ་ཡིན་སྲིད་ཅེས་གླེང་།།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཨེ་ཤི་ཡ་དང་རྒྱ་ནག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ར་ཧུལ་ཀ་རན་རེ་ཌིས་བཤད་པ་ལྟར་ན། ཞིས་ཅིན་ཕིང་གིས་རང་གི་ཁ་གཏད་པ་རྣམས་རྩ་མེད་གཏོང་གི་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མ་རེད། ཁོ་པས་༢༠༡༢་ལོར་སྲིད་དབང་བཟུང་བའི་རྗེས་སུ་ཁ་གཏད་པ་རྣམས་རྩ་མེད་གཏོང་རྒྱུ་མགོ་བརྩམས། ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་པའོ་ཤི་ལེ་བཙོན་དུ་བཅུག དེའི་རྗེས་སུ་རྒྱ་ནག་གི་བདེ་འཇགས་འགོ་ཁྲིད་ཀྲུག་ཡུན་ཁང་འཛིན་བཟུང་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་གཙང་དག་བྱེད་ཀྱི་ཡོད་ཟེར་བ་ནི་རང་གི་སྲིད་དབང་སྲ་བརྟན་གཏོང་ཐབས་ཤིག་ཡིན་པར་མ་ཟད། ཞིས་ཅིན་ཕིང་གི་ཁ་གཏད་པ་རྣམས་མགོ་བོ་འབུར་བཅོམ་བྱ་ཐབས་མཁས་པོ་ཞིག་རེད་ཅེས་སྨྲས། ཞིས་ཅིན་ཕིང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་ནས་རྒྱ་ནག་གི་གྲོང་ཁྱེར་གཞན་དང་འདྲ་མཚུངས་སུ་བསྒྱུར། ཞིན་ཅང་གིས་ཡུ་གུར་བ་ས་ཡ་གཉིས་ལྷག་ངལ་རྩོལ་བཙོན་སྒར་ཁག་ཏུ་བཅུག བོད་པ་ཚོར་སྔར་བཞིན་དྲག་གནོན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་བཙན་བཀའ་ཕབ། བོད་ཕྲུག་ཚོ་གཏན་འཇགས་སློབ་གྲྭར་ཁྲིད་ནས་ལོ་ཆུང་ཚོ་བོད་ཡིག་བོད་སྐད་མི་ཤེས་པར་རྒྱ་ནག་པར་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར། དེ་བཞིན་སྔ་ལོ་ནས་ནང་སོག་ལ་སློབ་ཚན་རྣམས་སོག་སྐད་དུ་སློབ་ཁྲིད་བྱེད་མི་ཆོག སོག་ཕྲུག་ཚོས་རྒྱ་ཡིག་རྒྱ་སྐད་སྦྱང་དགོས་ཞེས་སྲིད་ཇུས་གསར་པ་ཞིག་གཏན་འབེབས། ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་མྱུར་དུ་གཅིག་གྱུར་བྱ་དགོས་ཞེས་ངར་སྐད་སྒྲོགས་རྒྱུ་ཤུགས་ཆེ་རུ་སོང་། ད་དུང་ཞིས་ཅིན་ཕིང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་གི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་རྣམས་རང་སོར་བཞག་སྟེ་གང་ཅིའི་ཐད་དུ་ཇེ་སྡུག མདོར་ན་རྒྱ་ནག་སླར་ཡང་མུན་ནག་གི་དུས་སྐབས་ཤིག་ལ་ཁ་ལོ་སྒྱུར་གྱི་ཡོད་པའི་གནས་ཚུལ་སྤེལ་འདུག

XS
SM
MD
LG