ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ཉམས་ཞིབ་པ་སུ་སན་ཤག་གིས་འབྱུང་འགྱུར་ལོ་ལྔའི་རིང་རྒྱ་ནག་སྐོར་ལ་ཚོད་དཔག


རྩོམ་པ་པོ་སུ་སན་ཤག་གིས་ཞི་ཅིང་ཕིང་གིས་སྔར་བཞིན་དབང་ཆ་སྒེར་གཅོད་ཀྱི་དབང་བསྒྱུར་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས། དབང་ཆ་མཉམ་སྤྱོད་ཀྱི་ཕྱོགས་སུ་འགྲོ་མ་ཐུབ་ཚེ། འབྱུང་འགྱུར་ལོ་ལྔའི་རིང་གི་རྒྱ་ནག་གི་གནས་སྟངས་དེ། ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཇེ་ཡག་རྩ་བ་ནས་འགྲོ་སྲིད་ཀྱི་མ་རེད།

ཨ་མེ་རི་ཁར་གནས་འཁོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་གྲགས་ཅན་དང་། ཁཱ་ལི་ཧྥུ་ལི་ཡའི་གཙུག་ལག་སློབ་ཆེན་གྱི་དུས་རབས་༢༡ པའི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སུ་སན་ཤག་གིས་བརྩམས་པའི་རྒྱ་བསྐྱེད་ཐལ་དྲགས་པ། རྒྱ་ནག་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ལམ་ཁ་དང་ཁ་ཐག་ཇེ་རིང་དུ་འགྲོ་བ་ཞེས་པའི་དཔེ་དེབ་གསར་པ་ཞིག་སྤྱི་ཟླ་༡༠ པའི་ཚེས་༡༨ ཉིན་ཨ་རིའི་ནང་དངོས་སུ་འགྲེམ་སྤེལ་བྱས་ཡོད་པ་དང་། རྩོམ་པ་པོ་ཁོང་གིས་ནིའུ་ཡོག་དུས་བབ་ལ་ཞི་ཅིང་ཕིང་གིས་ཁོ་རང་ཉིད་སྒེར་གཅོད་པའི་ལམ་ཁར་བརྫངས་ཡོད་ཅེས་བརྗོད་འདུག

དེབ་དེའི་རྩོམ་པ་པོ་སུ་སན་ཤག་གིས་སྤྱི་ཟླ་༡༠ པའི་ཚེས་༡༩ ཉིན། ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་དུས་བརྗོད་དོན་ལ། ཞི་ཅིང་ཕིང་གི་སྒེར་གཅོད་ཀྱི་དབང་བསྒྱུར་བྱེད་སྟངས་དེས། རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་དང་། ཞི་ཅིང་ཕིང་གིས་སྔར་བཞིན་དབང་ཆ་སྒེར་གཅོད་ཀྱི་དབང་བསྒྱུར་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས། དབང་ཆ་མཉམ་སྤྱོད་ཀྱི་ཕྱོགས་སུ་འགྲོ་མ་ཐུབ་ཚེ། འབྱུང་འགྱུར་ལོ་ལྔའི་རིང་གི་རྒྱ་ནག་གི་གནས་སྟངས་དེ། ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཇེ་ཡག་རྩ་བ་ནས་འགྲོ་སྲིད་ཀྱི་མ་རེད།ད་ལྟ་རྒྱ་ནག་གི་ཉེན་རྟོག་པའི་རུ་ཁག་དང་དམག་དཔུང་། དེ་བཞིན་དེང་རབས་ཀྱི་ལྟ་སྐུལ་མ་ལག་གི་ཁྱབ་ཁོངས་ཡོད་ཚད་ཞི་ཅིང་ཕིང་མི་སྒེར་གྱི་སྟངས་འཛིན་འོག་ཚུད་ཡོད་པར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་དུ་ཞི་ཅིང་ཕིང་གི་དབང་ཤུགས་ལ་ཁ་གཏད་བཅག་ཐུབ་པའི་སྟོབས་ཤུགས་ཡོང་ཁག་པོ་རེད། རྩོམ་པ་པོ་སུ་སན་ཤག་གིས་རྒྱ་ནག་གི་རྒྱ་བསྐྱེད་ཐལ་དྲགས་པ་ཞེས་པ་ནི། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་དམག་དོན་རྒྱ་བསྐྱེད་གཏོང་བཞིན་པ་དང་། དེ་བཞིན་ཉི་ཧོང་དང་ཐེ་ཝན་ལ་སྡིགས་ར་བསྐུལ་བ། ལྟ་བ་ལངས་ཕྱོགས་ཐ་དད་ཡིན་པའི་རྒྱལ་ཁབ་ཚོར་དཔལ་འབྱོར་གྱི་ཐོག་ནས་བཙན་ཤེད་བྱེད་པ། ཧོང་ཀོང་ལ་དམ་དྲག་དང་། ཨ་མེ་རི་ཁའི་དཔལ་འབྱོར་དང་འཕྲུལ་རིག་ལག་རྩལ། དམག་དོན་སོགས་ལ་འགྲན་སློང་བྱེད་པ་སོགས་ཀྱི་བྱེད་ཕྱོགས་ལ་གོ་སྟེ། དེ་ནི་དོན་ངོ་མར་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཧུའུ་ཅིང་ཐའོ་ཡི་དུས་སྐབས་ནས་འགོ་ཚུགས་པ་ཞིག་ཡིན་ཞིང་། ཧུའུ་ཅིང་ཐའོ་དང་ཞི་ཅིང་ཕིང་གཉིས་ཀས་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་ཐབས་བྱས་ཡོད་ཀྱང་། ཧུའུ་ཅིང་ཐའོ་ཡིས་གཙོ་བོ་སྤྱི་ཚོགས་བརྟན་བརླིང་ཡོང་རྒྱུར་གཙོ་བོར་འཛིན་ཡོད་ཅིང་། ཞི་ཅིང་ཕིང་གིས་རྒྱལ་ཁབ་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

སུ་སན་ཤག་གིས་མུ་མཐུད་ནས་འགྲེལ་བརྗོད་བྱས་གསལ་ལ། ཞི་ཅིང་ཕིང་གི་ལས་ཡུན་གསུམ་པའི་རིང་ལ་སྲིད་ཇུས་དེ་དག་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་མ་ཟད།སྔར་ལས་དམ་དྲག་ཆེ་རུ་འགྲོ་སྲིད་པ་རེད། རྒྱ་བསྐྱེད་ཐལ་དྲགས་པའི་བྱེད་སྟངས་དེས། རྒྱ་ནག་གི་སོ་སོའི་ཁེ་ཕན་ལ་གྱོང་ཕོག་གི་ཡོད་པར་ཨ་མ་ཟད། ཕྱོགས་གཞན་ཞིག་ནས་འབྱུང་འགྱུར་ཨ་རྒྱ་གཉིས་དབར་གྱི་འགྲན་རྩོད་ཤུགས་ཆེར་འགྲོ་བཅུག་སྲིད་པ་རེད། ལམ་ཁ་དེར་མུ་མཐུད་ནས་འགྲོ་རྒྱུ་མང་དྲགས་ན། མཇུག་འབྲས་སུ་རྒྱ་ནག་དམར་ཤོག་སོ་སོ་འཕུང་འཇུག་རྒྱུའི་ཉེན་ཁ་ཆེ་ཞེས་བརྗོད་འདུག

ཞི་ཅིང་ཕིང་གིས་རྒྱལ་ཁབ་བདེ་འཇགས་སྐོར་ལ་ནན་བརྗོད་བྱེད་དོན་ཅི་ཡིན་ནམ།

སུ་སན་ཤག་གིས་བརྗོད་དོན་ལ། དབང་ཆ་གཅིག་སྡུད་ཅན་དང་སྒེར་དབང་རིང་ལུགས་ཀྱི་ལམ་ལུགས་ནང་གི་དཔོན་རིགས་ཚོས། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བཏང་བར་ཁ་གཡར་ནས་གོང་རིམ་འགོ་ཁྲིད་ལ་བློ་སེམས་དཀར་པོ་ཡིན་ཚུལ་སྟོན་དགོས་ཀྱི་ཡོད་སྟབས། གོང་གི་འགོ་ཁྲིད་གཞན་གྱིས་བསྟོད་བསྔགས་གཏོང་བའི་སྒྱུ་འཕྲུལ་འོག་ཨུ་ཚུགས་མཁྲེགས་པོ་ཅན་ཞིག་ཏུ་ཆགས་རྒྱུ་ནི་ཆོས་ཉིད་དུ་ངེས། འགོ་ཁྲིད་ཅིག་ཡིན་པའི་ཆ་ནས། གལ་སྲིད་འོག་གི་དཔོན་རིགས་ཚོ་ལ་གནོན་ཤུགས་མ་སྤྲད་ན། གཞན་གྱི་བཤད་པའི་སྐད་ཆ་ལ་ཡིད་ཆེས་བྱེད་དཀའ། ཁོ་ཚོས་བློ་སེམས་དཀར་པོ་ཡིན་ཚུལ་བསྟན་པ་དེ་སོ་སོའི་ལྟོ་གོས་སྲུང་ཆེད་ཡིན་པའི་དོགས་པ་ཆེ། དེ་བས་རྒྱ་ནག་གི་ལམ་ལུགས་ཡ་མ་གཟུགས་དེས་བཟོས་པའི་མཇུག་འབྲས་ཤིག་ལས་གང་ཟག་སྒེར་ལ་འབྲེལ་བ་ཆེན་པོ་མེད་ཅེས་བརྗོད་འདུག

མ་འོངས་པའི་ལོ་ལྔའི་རིང་རྒྱ་ནག་ལ་ཉེན་ཁ་ག་རེ་འཕྲད་རྒྱུ་ཡིན་ནམ།

སུ་སན་ཤག་གིས་འདོད་ཚུལ་ལྟར་ན། ཏན་ཞའོ་ཕིང་གིས་མའོ་ཙེ་ཏུང་མི་སྒེར་ལ་སྐྱོན་བརྗོད་བྱས་པར་བརྒྱུད།དོན་དམ་ལ་སྐབས་དེར་དབང་ཆ་གཅིག་སྡུད་ཐལ་དྲགས་ནས་སྲིད་ཇུས་ཅི་རིགས་གང་འདོད་ལག་ལེན་བསྟར་བའི་གནད་དོན་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེང་སང་ཞི་ཅིང་ཕིང་གི་སྲིད་དབང་འཛིན་སྟངས་དེ་མའོ་ཙེ་ཏུང་ནང་བཞིན་སྒེར་གྱི་འདོད་མོས་ལྟར་སྲིད་ཇུས་འདྲ་མིན་གཏན་འབེབས་བྱས་པ་རེད། དེས་རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། དཔེར་ན་༢༠༢༡ ལོར་སྒེར་གྱི་ཁེ་ལས་ལ་རྡུང་རྡེག་དྲག་པོ་བཏང་ཡོད་པ་དེ་ནི། དེ་སྔར་མའོ་ཙེ་ཏུང་གི་མཆོང་བསྐྱོད་ཆེན་མོ་དང་རིག་གནས་གསར་བརྗེ་ཆེན་མོ་ལྟར་གོད་ཆགས་ཆེན་པོ་ཐེབས་མེད་ཀྱང་། རྒྱ་ནག་ནང་ལས་ཀ་ཤོར་མཁན་གྱི་མི་འབོར་ཇེ་མང་དུ་འགྲོ་བ་དང་། མི་སྒེར་གྱི་ཁེ་ལས་ཁག་ལ་གྱོང་གུད་ཆེན་པོ་ཕོག་པ། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་དང་། འཕྲུལ་རིག་ལག་རྩལ་གསར་གཏོད་ཀྱི་ནུས་སྟོབས་སོགས་གང་ཅིའི་ཆ་ནས་ཉམས་རྒུད་ཚབས་ཆེ་ཕྱིན་བཅུག་ཡོད་པ་རེད། དེ་བཞིན་ཞི་ཅིང་ཕིང་གི་བཏོན་པའི་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེས། སྤྱི་ཚོགས་ཀྱི་ནུས་པ་གཅིག་ཏུ་སྤུངས་ནས་འགོག་སྨན་ཞིབ་འཇུག་བྱེད་རྒྱུའི་ཚབ་ལ་མི་ཚང་མ་ལ་འགྲོ་འོང་བཀག་སྡོམ་དང་ལུས་པོ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། གཞན་ཡང་རྒྱ་ནག་གི་ང་རྒྱལ་དང་ཨུ་ཚུགས་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་མང་པོ་ཞིག་གིས་རྒྱལ་སྤྱིའི་ཐོག་མི་ཚོས་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ཏུ་ཕྱིན་བཅུག་ཡོད་པ་རེད། དེ་བས་གལ་སྲིད་ཞི་ཅིང་ཕིང་གིས་སྔར་བཞིན་དབང་ཆ་སྒེར་གཅོད་ཀྱི་དབང་བསྒྱུར་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས་དབང་ཆ་མཉམ་སྤྱོད་ཀྱི་ཕྱོགས་སུ་འགྲོ་མ་ཐུབ་ཚེ། འབྱུང་འགྱུར་ལོ་ལྔའི་རིང་གི་རྒྱ་ནག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཇེ་ཡག་རྩ་བ་ནས་འགྲོ་མི་སྲིད་པ་གཏན་ཁེལ་རེད་ཅེས་བརྗོད་འདུག

འབྱུང་འགྱུར་ལོ་ལྔའི་རིང་ཞི་ཅིང་ཕིང་གིས་ཐེ་ཝན་གནད་དོན་སྐོར་ལ་བྱེད་ཐབས་ག་རེ་སྤེལ་རྒྱུ་ཡིན་ནམ།

སུ་སན་ཤག་གིས་བརྗོད་དོན་ལ། ཐེ་ཝན་ལ་དམག་བརྒྱབ་ནས་སོ་སོ་ཕམ་པ་ཡིན་ན། དམར་ཤོག་ཚོགས་པ་དང་མི་སྒེར་ལ་མཇུག་འབྲས་ཚབས་ཆེ་ཡོང་རྒྱུ་ཡིན་པ་ཤེས་རྟོགས་ཀྱིས་དེ་སྔར་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཐེ་ཝན་གྱི་གནད་དོན་སྐོར་ལ་ཧ་ལས་པ་གཟབ་གཟབ་བྱེད་ཀྱི་རེད། རྒྱ་ནག་ལ་དམག་འཁྲུག་ལས་ཕམ་ཁ་ལེན་མཁན་དེ་ལ་མི་དམངས་དང་དམར་ཤོག་ཚོགས་པས་ངོ་རྒོལ་བྱེད་སྲིད་པའི་ཁོར་ཡུག་ཅིག་ཆགས་ཡོད། ཞི་ཅིང་ཕིང་གིས་དེ་སྔར་ཐབས་ཇུས་ཐོག་གི་ནོར་འཁྲུལ་མང་པོ་ཞིག་ཤོར་ཡོད། དེ་བས་ཁོས་སྔར་གྱི་འགོ་ཁྲིད་ཟུར་པ་ཚོ་ནང་བཞིན་ཐེ་ཝན་གྱི་གནད་དོན་སྐོར་ལ་གཟབ་ནན་བྱ་རྒྱུ་ཡིན་མིན་དེ་བཤད་ཁག་པོ་རེད་ཅེས་བརྗོད་འདུག

འབྱུང་འགྱུར་ལོ་ལྔའི་རིང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ག་འདྲ་ཆགས་རྒྱུ་ཡིན་ནམ།

སུ་སན་ཤག་གིས། ཨ་མེ་རི་ཁའི་བར་མའི་འོས་བསྡུ་དང་། རྒྱ་ནག་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་དང་། ལྷག་པར་དུ་རྒྱ་ནག་གི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཕྱིར་འཐེན་བྱས་པའི་རྗེས་ལ། གལ་སྲིད་ཨ་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་བརྟན་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱས་ན། ད་ལྟའི་གནས་སྟངས་དེ་ཏོག་ཙམ་ཞི་ལྷོད་ཡོང་སྲིད། ཡིན་ནའང་། ཞི་ཅིང་ཕིང་ལ་དེའི་ཐད་འདོད་པ་ཡོད་མེད་ཤེས་ཀྱི་མེད་ཅེས་དང་། ཞེའེ་ཧྲུའུ་ལི་ཡི་འདོད་ཚུལ་ལྟར་ན། ཨ་མེ་རི་ཁའི་ཕྱོགས་ནས་ཕྱི་འབྲེལ་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་ལས། རྒྱ་ནག་ལ་ཁར་ཐུག་ཁ་གཏད་གཅག་ན་དམག་དོན་གྱི་ཟིང་འཁྲུག་ལངས་ཉེན་ཆེ། ཐབས་ཤེས་དེ་དོན་ཐོག་ཆོད་མིན་ལ་མ་བལྟོས་པར་ཚོད་ལྟ་བྱེད་དགོས། རྡུལ་ཕྲན་མཚོན་ཆ་འཕོན་ཆེན་ཡོད་མཁན་གྱི་རྒྱལ་ཁབ་གཉིས་ལ་མཚོན་ན། དམག་ལངས་རྒྱུའི་ཉེན་ཁ་དེ་བས་ཆེན་པོ་རེད་ཅེས་བརྗོད་འདུག སྤྱི་ཟླ་༡༠ པའི་ཚེས་༡༢ ཉིན་བྷ་ཌན་འཛིན་སྐྱོང་གིས་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཐབས་ཇུས་གསར་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་།དེའི་ནང་རྒྱ་ནག་དེ་ས་ཁམས་ཆབ་སྲིད་ཀྱི་འགྲན་སློང་ཁྲོད་མཇུག་འབྲས་ཚབས་ཆེ་ཐེབས་མཁན་ཡིན་པ་གསལ་སྟོན་བྱས་ཡོད། སུ་སན་ཤག་གི་དེབ་དེའི་ནང་། རྒྱ་ནག་གི་རྒྱ་བསྐྱེད་ཐལ་དྲགས་པ་དང་ཨ་རིའི་ཚོར་བ་སྐྱེན་དྲགས་པ་ཞེས་བཏོན་ཏེ། ཨ་མེ་རི་ཁས་ཚོར་བ་སྐྱེན་དྲགས་པའི་ཐོག་ནས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་གྱི་ཁྱབ་ཁོངས་ནས་རྒྱ་ནག་ལ་ཚོད་འཛིན་གང་མང་བྱས་པ་དེ་ལ་མོས་མཐུན་མེད་པ་དང་། དེས་ཨ་རིའི་འགྲན་རྩོད་ཀྱི་ནུས་ཤུགས་ཉམས་རྒུད་འགྲོ་བའི་རྒྱུ་རུ་འགྲོ་རྒྱུ་ཡིན་པ་རེད། ཡིན་ན་ཡང་རྒྱ་ནག་ནི་ས་ཁམས་ཆབ་སྲིད་སྐོར་གྱི་འགྲན་སློང་ཆེ་ཤོས་སུ་བརྩིས་པ་དེར་མོས་མཐུན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

འབྲེལ་ཡོད།

XS
SM
MD
LG