ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་རྒྱ་གར་གྱི་ཉེན་རྟོག་ལྷན་ཚོགས་ལ་བཀའ་སློབ།


༄༅།། རྒྱ་གར་གྱི་ཉེན་རྟོག་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་༢་པའི་ཚེས་༡༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་མཉམ་ཞུགས་བྱས་པའི་ཉེན་རྟོག་པའི་ལྷན་ཚོགས་ཀྱི་ཚོགས་མི་སྟོང་ཕྲག་བརྒལ་བ་ཞིག་ལ་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་ཏུ་དྲྭ་ལམ་ནས་ལམ་སྟོན་བཀའ་སློབ་ཅིག་གནང་ཡོད་ཅིང་། རྒྱ་གར་གྱི་ཉེན་རྟོག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཤྲི་པར་ཀ་ཤ་སིང་གིས་ཉེན་རྟོག་པ་ཞེས་གོ་ཐོས་འབྱུང་དུས་མི་རྣམས་ལ་རྟག་ཏུ་སྐྱེ་བོ་གཏུམ་སྤྱོད་ཅན་དང་ཉེས་ཅན་རྣམས་རྡུང་རྡེག་ཁོ་ནས་སྒྱུར་བཅོས་གཏོང་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག འདི་ནི་སྔོན་ཆད་དབྱིན་ཇིའི་དབང་སྒྱུར་སྐབས་སུ་རྒྱ་གར་ལ་དར་བའི་རྩུབ་སྤྱོད་རྣམས་དོང་སྤྲུགས་མ་ཐུབ་པར་རྒྱུན་འཇགས་ལུས་པའི་བག་ཆགས་ཤིག་རེད་ཅེས་ཞུས།།

༧གོང་ས་མཆོག་གིས་ཉེན་རྟོག་པའི་ལས་འགན་ནི་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་སྒོམ་དགོས་པ་ཞིག་རེད། རྒྱ་གར་ནི་འཛམ་གླིང་གི་མི་འབོར་ཨང་གཉིས་པ་དང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་ཞིང་། མི་རིགས་དང་ཆོས་ལུགས། རིགས་རུས་སོགས་ཀྱི་ཁྱད་པར་ཆུང་ཁག་ལ་བརྟེན་ནས་རྩོད་རྙོག་མང་དག་ཅིག་འབྱུང་གི་ཡོད་པ་ནི་སྤྱི་ཚོགས་ཀྱི་ཆོས་ཉིད་རེད། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་ཅིག་ཡོད་པ་གཞི་རྩར་བཟུང་སྟེ་འགྲོ་བ་མི་ལ་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས། གོ་ལ་སྤྱི་ལ་ཁེ་ཕན་སེམས་བཅངས་ནས་ལས་འགན་བསྒྲུབ་རྒྱུ་དེ་ཀུན་གྱིས་ངེས་པར་དུ་ཐུགས་ལ་འཛིན་དགོས་ཞེས་ལམ་སྟོན་གནང་སོང་།།

༧གོང་ས་མཆོག་སྐུ་སྒེར་གྱི་ཉམས་མྱོང་ལ་གཞིགས་ན་རྒྱ་ནག་དམར་པོའི་གཞུང་གི་ཉེན་རྟོག་པས་སྲུང་སྐྱོབ་བྱས་པ་དང་རྒྱ་གར་གྱི་ཉེན་རྟོག་པས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་མཐོང་གི་འདུག རྒྱ་གར་གྱི་ཉེན་རྟོག་པ་རྣམས་ལས་འགན་སྒྲུབ་པའི་དུས་སུ་སེམས་པ་རྣམ་དག་རེད་ཅེས་བསྔགས་བརྗོད་གནང་ཡོད་པར་མ་ཟད། རྒྱ་གར་ནི་རིག་གཞུང་དང་སྐད་ཡིག ཆོས་ལུགས་སྣ་མང་འདུས་པའི་རྒྱལ་ཁབ་ཅིག་ཡིན་པས་མེས་པོ་དམ་པ་གྷན་དྷི་མཆོག་གིས་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་ཉམས་བཞེས་གནང་སྟེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བཏང་ཞིང་། ད་ལྟའི་རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱ་གར་གྱི་གནའ་བོའི་བྱམས་བརྩེའི་ལྟ་གྲུབ་དེ་ཉིད་ཆོས་ལུགས་དང་མ་འབྲེལ་བར་ཉམས་བཞེས་གནང་ནས་འཛམ་གླིང་སྤྱི་ལ་ཕན་ཐབས་ཀྱི་ལེགས་སྐྱེས་འབུལ་དགོས་གཞེན་སྐུལ་གནང་སོང་།།

དེ་རིང་གི་དྲྭ་ལམ་ལྷན་ཚོགས་སུ་ཞུགས་པའི་ཉེན་རྟོག་པའི་དཔོན་རིགས་དགུ་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ། ཁོ་ཚོས་ཉེན་རྟོག་པ་ཚོར་རྒྱུན་དུ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་པ་དང་ལས་ཡུན་རིང་བ། མང་ཚོགས་ཀྱིས་བརྩི་བཀུར་མེད་པ་སོགས་དཀའ་ངལ་དུ་མའི་ཁྲོད་དུ་ལས་འགན་བསྒྲུབ་དགོས་ཀྱི་འདུག དེས་ན་སེམས་ལ་དངངས་སྐྲག་བྱུང་བ་དང་ཁོང་ཁྲོ་ལངས་པ་རྣམས་མི་དམངས་ནུས་མེད་ཉམ་ཐག་ཚོའི་སྟེང་དུ་སྟོན་ཤོར་གྱི་འདུག ཉེན་རྟོག་པ་ཁ་ཤས་ས་ཐག་རིང་པོར་ཡུན་རིང་བཟའ་མི་སྤུན་མཆེད་སོགས་ལ་ཁ་བྲལ་ནས་ཆེད་ལས་སྒྲུབ་དགོས་པས་སེམས་སྡུག་གི་དཀའ་ངལ་ཡོད་པ། རྟག་ཏུ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཤ་སྟག་མཐོང་ཐོས་འབྱུང་གི་ཡོད་པ་དང་མིའི་བཟང་སྤྱོད་ལ་རིང་དུ་སོང་བ་བཅས་ཀྱིས་དཀའ་ངལ་འཕྲད་བཞིན་པ་རྣམས་སྙན་གསེང་སྒྲོན།།
༧གོང་ས་མཆོག་གིས་དེང་རབས་ཀྱི་ཤེས་བྱ་གསར་པར་འཛུགས་སྐྲུན་ཡར་རྒྱས་མཐའ་ཡས་པ་ཞིག་གཏོང་ཐུབ་པའི་ནུས་པ་ཡོད་ཀྱང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དར་བའི་བྱམས་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ཅིག་ཡོད་པ་ཧ་ཅང་ཕན་ཐོགས་ཆེ། ཁྱེད་ཚོས་དེ་ལ་སློབ་གཉེར་གནང་ཐུབ་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན། སྤྱི་ཚོགས་དང་དམངས་གཙོ། རང་དབང་དང་བཟང་སྤྱོད་ཀྱི་རིན་ཐང་རྣམས་སྲུང་སྐྱོབ་བྱེད་དུས་སྐབས་རེར་དྲག་པོའི་འཐབ་ཇུས་བསྟེན་དགོས་འབྱུང་སྲིད། དེའི་སྐབས་སུ་ཀུན་སློང་རྣམ་པར་དག་པའི་ཐོག་ཏུ་ལག་ལེན་བསྟར་ན་སྐྱོན་མེད། རབ་བྱུང་ན་བྱམས་པ་དང་འཚེ་བ་མེད་པའི་ལྟ་གྲུབ་གཙིགས་སུ་བཟུང་ནས་ལས་འགན་བསྒྲུབ་དགོས་ཞེས་བཀའ་སློབ་གནང་ཞིང་། དེ་རིང་གི་ལས་རིམ་འདིར་རྒྱ་གར་གྱི་མངའ་ཁུལ་འདྲ་མིན་གྱི་ཉེན་རྟོག་པའི་སྤྱི་ཁྱབ་ལས་ཟུར་ཁག་དང་ཉེན་རྟོག་པ། ཨ་རིའི་བྷུ་ལུ་མཱིང་ཊོན་གཙུག་ལག་སློབ་གྲྭའི་འཚེ་མེད་ལྟ་གྲུབ་གཞི་འཛིན་གྱི་ཉེན་རྟོག་པའི་སློབ་ཁྲིད་པ་སོགས་མཉམ་ཞུགས་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG