ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རོང་བོ་དགོན་ཆེན་དང་སྐུ་འབུམ་སོགས་ལ་སྨོན་ལམ་ཚོགས་བཅུག་མེད་པ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དང་རེབ་གོང་རོང་བོ་དགོན་ཆེན་སོགས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་མི་ཆོག་པའི་བཙན་བཀག་བཏང་ཡོད་པའི་གནས་ཚུལ་ཐོན་ཞིང་། དེ་ཡང་བོད་ནང་གི་བོད་པ་ཁག་ཅིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོ་རེབ་གོང་རོང་བོ་དགོན་ཆེན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་མི་ཆོག་ཅེས་རྒྱ་གཞུང་གིས་བཀའ་རྒྱ་བཏང་ནས་བཀག་སོང་། ལོ་འདིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བསྟན་པའི་སྦྱིན་བདག་ནི་རེབ་གོང་སྨད་པ་སྡེ་བདུན་གྱི་ལྷ་སྡེ་མི་སྡེ་རྣམས་ཡིན་པས་ལྷ་སྡེ་ཁག་གི་འཐུས་མི་རྣམས་དགོན་པར་བཅར་ཏེ་སྨོན་ལམ་ཆེན་མོའི་སྟ་གོན་བྱ་རྒྱུ་ཡིན་ཞེས་དགོན་པའི་ལས་སྣེ་ཚོར་སྙན་གསེང་ཞུས། འོན་ཀྱང་དགོན་པའི་ལས་སྣེ་ཚོས་གནས་སྐབས་རིང་ཐག་གཅོད་བྱེད་ཁག་པོ་འདུག སྐབས་ཤིག་གི་རིང་དུ་གྲ་སྒྲིག་མ་བྱས་ན་ལེགས་ཞེས་ལན་འདེབས་བྱས་འདུག

རྒྱ་གཞུང་གི་བཀའ་རྒྱའི་ནང་དུ་སྨོན་ལམ་དུས་སུ་མི་ཚོགས་འདུ་འཛོམ་ཆེ་བ་དང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཆེ་བ། ད་དུང་ཡང་ཏོག་དབྱིབས་རིམས་ནད་འཇོམས་མེད་པས་མང་ཚོགས་ཀྱིས་གཟབ་ནན་བྱ་དགོས་པའི་རྒྱུ་མཚན་བཀོད། བོད་པ་མང་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་ཉེན་ཁ་འབྱུང་སྲིད་ཟེར་བ་ནི་ལན་ཁག་གཡོར་ས་ཙམ་རེད། ན་ནིང་ནད་ཡམས་བྱུང་མ་ཐག་ཏུ་ཁྱིམ་འགོག་བཀག་རྒྱའི་ཛ་དྲག་ཆེ་བའི་དུས་སུའང་མི་ཚོགས་འདུ་འཛོམ་དང་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམ་གྱི་རྣམ་པ་གང་ཡང་མ་བྱུང་བ་རེད། ནད་དུག་ཁྱབ་གདལ་གྱི་གནས་ཚུལ་ཡང་བྱུང་མ་སོང་། འདི་ནི་མི་ཚོགས་འདུ་འཛོམ་ཆེ་བའི་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་འགོག་བྱས་ནས་མེད་པར་བཟོ་ཐབས་ཤིག་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

The Gartse Monastery in Guashize 2018
The Gartse Monastery in Guashize 2018

རེབ་གོང་ཕྱོགས་ཀྱི་མགར་རྩ་དགོན་པར་ཉིན་བཅུའི་སྔོན་ནས་རྒྱ་གཞུང་གིས་བཀའ་རྒྱ་བཏང་སྟེ་ཆོ་འཕྲུལ་སྨོན་ལམ་འཚོགས་མི་ཆོག་པར་མ་ཟད། སེངྒེ་གཤོང་གི་དགོན་པ་ཁག་ལ་ལོ་སར་གྱི་ཚེས་པ་ལྔ་དྲུག་ཅིག་ནས་སྨོན་ལམ་འཚོགས་པ་དང་མཉམ་དུ་གར་འཆམ་རྒྱག་པའི་ལུགས་སྲོལ་ཞིག་དར་ཡོད་པ་རྣམས་ཡོངས་སུ་བཀག་ཅིང་། ལོ་སར་སྔོན་དེར་དགོན་པའི་གར་འཆམ་གྱི་བྱེད་སྒོ་ཁག་ཆད་ལུས་མེད་པར་སྤེལ་དགོས་བྱུང་སོང་ཞེས་བཤད། ད་ལོ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་རྣམས་ལེགས་པར་བཞེངས་ཏེ་བཅོ་ལྔའི་མཆོད་མཇལ་གཏོང་རྒྱུར་གྲལ་སྒྲིག་ཟིན་ཡང་རྒྱ་ནག་གིས་བཀག་འགོག་བྱས་ནས་དཀའ་ངལ་འཕྲད་རྒྱུ་རེད་ཅེས་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་བཀྲལ། ཕྱི་ཟླ་༢་པའི་ཚེས་༡༡་ནས་༡༤་བར་དུ་ཉིན་ཤས་རིང་ཡུལ་སྐོར་བ་རྣམས་བཀག་སོང་། ཁ་སང་ཕྱི་ཚེས་༡༥་ནས་སྐུ་འབུམ་དགོན་པར་ཡུལ་སྐོར་བ་དང་མཆོད་མཇལ་དུ་ཡོང་མཁན་ཧ་ཅང་མང་པོ་འདུག་ཅེས་བཤད།།

སྦྱིར་ལོ་སར་དུས་སུ་བོད་ནང་གི་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་ཏེ་དད་ལྡན་མང་ཚོགས་ལ་ལོ་སར་གྱི་ཚེས་བཅོ་ལྔའི་མེ་ཏོག་མཆོད་པ་མཇལ་རུ་འཇུག་སྲོལ་རྒྱུན་ཞིག་ཡོད་ཅིང་། སྐབས་དེར་དད་ལྡན་མང་ཚོགས་འདུས་མཆོད་མཇལ་བྱེད་ཀྱི་ཡོད་ཀྱང་ཏོག་དབྱིབས་ནད་དུག་ལ་ལན་ཁག་དཀྲིས་ནས་གོང་དུ་བཀོད་པའི་བོད་ནང་གི་དགོན་སྡེ་ཁག་ཏུ་རྒྱ་གཞུང་གིས་སྨོན་ལམ་འཚོགས་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པས་དད་ལྡན་མང་ཚོགས་ཀྱི་སེམས་ཁྲལ་གཙོ་བོ་ཞིག་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་རིམ་བཞིན་བཀག་ནས་མེད་པར་བཟོ་ས་རེད། ལྷག་པར་དུ་ཉེ་སྔོན་རྒྱ་ནག་གཞུང་གི་ཁྲིམས་ལུགས་ལྟར་ཤོག་སྦག་རྒྱག་མི་ཆོག་པ་དང་བསང་གསོལ་བྱེད་མི་ཆོག་པ་། རྩ་ཐང་དང་ཤིང་ནགས་ཡོད་སར་མེ་འབུད་པ་དང་ཟ་མ་གཡོལ་སྐོལ་སོགས་བྱེད་ན་ཁྲིམས་འགལ་ཡིན་ཞེས་བསྒྲགས་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG