ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལོ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་དགུ་རྫོང་བྱས་མེད་པ།


༄༅།། བོད་ཀྱི་ལོ་སར་གོང་གི་བྱེད་སྒོ་ཆེ་གྲས་ཤིག་ནི་ཚེས་༢༩་ཉིན་ཁང་པའི་ཕྱི་ནང་ཐམས་ཅད་གཙང་སྦྲ་བྱས་པ་དང་ཕྱི་དྲོར་དགུ་ཐུག་བསྐོལ་ཏེ་རྫས་དགུ་འཛོམས་པའི་བག་ཐུག་འཐུངས། དེའི་རྗེས་སུ་གླུད་གཡུགས་པ་དང་ཤོག་སྦག་བརྒྱབ་སྟེ་ལོ་དེའི་གདོན་གེགས་བར་ཆད་རྣམས་ཟློག་ཐབས་སུ་དགུ་རྫོང་བྱེད་སྲོལ་ཡོད་ཅིང་། འོན་ཀྱང་ད་ལོའི་བོད་ཟླ་༡༢་པའི་ཚེས་༢༩་ཉིན་གྱི་དགུ་ཐུག་གི་དུས་སྐབས་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་བླ་གཟའ་སྟེ། རེས་གཟའ་ལྷག་པ་ཁེལ་ཡོད་པས་བོད་པ་ཚོས་སྐུའི་བླ་གཟའི་ཉིན་གླུད་གཡུགས་པ་ནི་རྟེན་འབྲེལ་ལོག་པ་ཞིག་ལ་བརྩིས་ནས་ལྷ་སའི་ཁུལ་དང་གྲོང་གསེབ་ཁག་གི་མང་ཚོགས་བརྒྱ་ཆ་༩༩་ཙམ་གྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དགུ་རྫོང་བྱས་མེད་པའི་གནས་ཚུལ་ཐོན་འདུག

མིང་དངོས་སུ་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཁོ་པ་གྲོང་གསེབ་ཁ་ཤས་ལ་ཕྱིན་ནས་ཉམས་ཞིབ་དང་ཕར་ཚུར་འདྲི་ཞིབ་བྱས་ཏེ་དགུ་རྫོང་བྱས་མེད་པ་ཤེས་རྟོགས་བྱུང་སོང་། གྲོང་གསེབ་ཁག་གི་མང་ཚོགས་བརྒྱ་ཆ་༩༩་ཡིས་འདི་ལོ་དགུ་ཐུག་གི་གླུད་གཡུགས་པ་དང་ཤོག་སྦག་བརྒྱབ་པ་སོགས་བྱས་མི་འདུག་ཅེས་བཤད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་སོ་སོས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོར་སོག་མ་དང་ཤོག་སྦག་སྤྲད་ནས་བཙན་ཤེད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་གསུམ་མདོ་དེར་གླུད་གཡུགས་ནས་ཤོག་སྦག་བརྒྱབ་སྟེ་དགུ་རྫོང་བྱེད་དུ་བཅུག་པ་རྣམས་ལྷ་སའི་བརྙན་འཕྲིན་ནང་དུ་བསྟན་ནས་ལོ་འདིའི་དགུ་ཐུག་གི་བྱེད་སྒོ་ཁག་ཡག་པོ་སྤེལ་འདུག་ཅེས་ཁྱབ་བསྒྲགས་བྱས་འདུག

གཞན་ཡང་མང་ཚོགས་བྱིངས་ཀྱིས་དགུ་རྫོང་བྱས་མི་འདུག དཔེར་ན་ནམ་རྒྱུན་གྲོང་ཁྱེར་གྱི་སུམ་མདོ་ཁག་ཏུ་གླུད་དང་སོག་མ་ཕུང་གསོག་བརྒྱབ་ནས་འཇོག་གི་ཡོད་ཀྱང་འདི་ལོ་སོག་མ་རྐང་ཁ་ཤས་ལས་མཐོང་ཡས་མི་འདུག དེས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན་ང་ཚོ་བོད་མི་རིགས་ཀྱིས་རང་གི་དབུ་ཁྲིད་དང་བླ་མ་ལ་བརྩི་བཀུར་དང་སེམས་ཤུགས་ག་ཚོད་ཡོད་མེད་དེ་མཚོན་པ་རེད། ད་ལོ་ངེད་ཚང་ལ་དགུ་ཐུག་མེད། ཁྱིམ་མཚེས་དང་སྤུན་མཆེད་ཚོས་དགུ་ཐུག་བསྐོལ་ཡང་གླུད་གཡུགས་ནས་དགུ་རྫོང་བྱེད་མཁན་མཐོང་མ་བྱུང་། མི་རེ་ཟུང་གིས་དགུ་རྫོང་བྱས་པ་ནི་གཞུང་ཕྱོགས་ཀྱིས་བཀོད་སྒྲིག་བྱས་པའི་ཁྱིམ་ཚང་དང་དམར་ཤོག་ཚོགས་པའི་ཚོགས་མི་སོགས་མི་ཉུང་ཤས་ཤིག་རེད་ཅེས་བཤད།།

འདི་དང་དུས་མཚུངས་སུ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་དགོན་སྡེ་ཁག་ཏུའང་ལོ་སར་གྱི་གར་འཆམ་དང་དགུ་གཏོར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བོད་ཚེས་༢༨་ལ་སྔ་སྣུར་བྱུང་ཡོད་ཅིང་། མང་ཚོགས་ཀྱི་གྲས་སུའང་གླུད་གཡུགས་པ་དང་ཤོག་སྦག་བརྒྱབ་ནས་དགུ་རྫོང་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ད་ལོ་བོད་ཕྱི་ནང་གཉིས་སུ་དགུ་རྫོང་བྱེད་ཀྱི་ཡོད་པའི་འདྲ་པར་དང་བརྙན་འཕྲིན་སོགས་དྲྭ་ལམ་དུ་མཐོང་རྒྱུ་དཀོན་པོ་ཡིན་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་གྲོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG