ངོ་འཕྲད་བདེ་བའི་དྲ་འབྲེལ།

དཀོན་མཆོག་སྦྱིན་པར་རྡུང་རྡེག་ཕོག་སྟེ་སྨན་ཁང་དུ་འདས་གྲོངས། 


༄༅།། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ལོ་༢༡་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་འབྲི་རུའི་བོད་པ་ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་ཤན་པ་ཟུར་པ་དཀོན་མཆོག་སྦྱིན་པ་ནི་༢༠༢༡་ལོའི་ཕྱི་༢་པའི་ཚེས་༦་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག འདས་པོ་དེ་བཟའ་མི་སོགས་ཀྱིས་ཤེས་རྟོགས་མེད་པར་བཙོན་ཁང་ནས་སྨན་ཁང་དུ་ཁྱེར། ཁོང་ལ་ཀླད་ཁྲག་འདྲེས་པ་དང་ལུས་ལ་གྲིབ་སྐྱོན་ཕོག་ཡོད་པའི་སྟབས་ཀྱིས་སྨན་ཁང་དུ་འདས་གྲོངས་སུ་གྱུར། འབྲི་རུའི་ས་གནས་མི་མང་གིས་དཀོན་མཆོག་སྦྱིན་པ་དམ་པ་དེར་ཀླད་ཁྲག་འདྲེས་པ་དང་གྲིབ་སྐྱོན་ཕོག་པ་ནི་བཙོན་ཁང་དུ་རྡུང་རྡེག་ཚབས་ཆེན་ཕོག་པའི་རྐྱེན་གྱིས་རེད་ཅེས་བཀྲལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སིན་གྱིས་དཀོན་མཆོག་སྦྱིན་པར་འཆི་སྐྱོན་ཕོག་པ་ནི་རྒྱ་ནག་གཞུང་གིས་བོད་པ་ཚོ་ཉེས་མེད་བཙོན་འཇུག་དང་མནར་གཅོད་ཚད་མེད་བཏང་ནས་མི་ལ་སྲོག་སྐྱོན་འཕོག་གི་ཡོད་པ་སླར་ཡང་ར་སྤྲོད་བྱུང་བ་རེད། བཙོན་འཇུག་གི་དུས་སུ་མི་ལ་རྡུང་རྡེག་བཏང་ནས་འཆི་སྐྱོན་ཕོག་ཏུ་འཇུག་མཁན་ཚོས་འགན་འཁྲི་ལེན་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གཞུང་གིས་༢༠༡༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་དཀོན་མཆོག་སྦྱིན་པ་བཀག་ཉར་བྱས་ཤིང་། ཁོང་ལ་ཁོར་ཡུག་གི་གནད་དོན་དང་ས་གནས་མི་མང་གིས་ངོ་རྒོལ་བྱས་པ་སོགས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྣམས་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་ལ་མཁོ་སྤྲོད་བྱས་པ་རེད་ཅེས་ནག་ཉེས་བཙུགས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁོར་ཡུག་གི་གནད་དོན་ཞིག་དང་མི་མང་གི་ངོ་རྒོལ་བྱས་པའི་གནས་ཚུལ་ཞིག་ཕྱི་ལ་བསྒྲགས་པར་ལོ་༢༡་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་གཤིབ་སྡུར་བྱ་ས་མེད་པའི་ཁྲིམས་གཅོད་ཅིག་རེད་ཅེས་བཤད། རྒྱ་ནག་གཞུང་གིས་དཀོན་མཆོག་སྦྱིན་པ་བཙོན་ཁང་གང་དུ་བཅུག་ཡོད་མེད་སོགས་བཟའ་མི་ཚོར་གཏན་ནས་གསལ་བཀྲོལ་མ་བྱས་ཀྱང་༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་དུ་སྙེ་ཐང་གི་བཙོན་ཁང་ཞིག་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། དཀོན་མཆོག་སྦྱིན་པ་དམ་པ་དེའི་བཟའ་མི་ཚོས་ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་མ་གཏོགས་ཛ་དྲག་གི་སྨན་བཅོས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མེད་པ་རེད།།

དཀོན་མཆོག་སྦྱིན་པ་དམ་པ་དེ་ནི་ནག་ཆུ་ཁུལ་གྱི་འབྲི་རུ་རྫོང་། ཆགས་རྩེ་ཡུལ་ཚོའི་གྲོང་སྡེ་ལྔ་པའི་ཡུལ་མི་ཞིག་ཡིན་ཞིང་། ༢༠༡༣་ལོའི་ཕྱི་ཟླ་༡༠་པར་འབྲི་རུ་རྫོང་གི་རྒྱ་མིའི་འགོ་ཁྲིད་ཚོས་ཁུལ་དེའི་བོད་པའི་ཁྱིམ་ཚང་ཁག་གི་ཁང་པའི་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བསྒྲེང་དགོས་ཞེས་བཀའ་ཕབ། དེ་ལ་ས་གནས་དེའི་བོད་པ་བརྒྱ་ཕྲག་འགའ་ཞིག་གིས་ངོ་རྒོལ་བྱས་པ་དེ་དག་གི་གྲས་སུ་དཀོན་མཆོག་སྦྱིན་པའང་ཡོད་སྐད། ལོ་དེའི་ཕྱི་ཟླ་༥་ནང་དུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་གནམ་ལྷ་ཛམ་བྷའི་གནས་རི་བྲུས་ནས་གཏེར་ཁ་བསྔོགས་པར་ས་གནས་མི་མང་གིས་ངོ་རྒོལ་བྱས་པའི་གནས་ཚུལ་རྣམས་དཀོན་མཆོག་སྦྱིན་པས་སྐད་འཕྲིན་བརྒྱུད་ནས་ཕྱི་ལོགས་ལ་བཤད་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ད་ལྟ་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་དཀོན་མཆོག་སྦྱིན་པའི་ངོ་ཤེས་ཚོས་༢༠༡༣་ལོའི་ཕྱི་ཟླ་༤་ཡས་མས་ནས་དོ་བདག་ལ་སྐད་བརྡ་འཕྲོད་མ་སོང་ཞེས་བཤད། ཁོང་གིས་སྐད་འཕྲིན་ནང་དུ་བྲིས་པའི་མཐའ་མཇུག་གི་འཕྲིན་ཐུང་ནི་འདི་ལྟར་ཡིན་པ་སྟེ། ད་ལྟ་ང་ཆུ་འགྲམ་དུ་ཡོད། ངའི་རྒྱབ་ལོགས་སུ་མི་མང་དག་ཅིག་གིས་བལྟས་བསྡད་འདུག ང་ཏན་ཏན་འཛིན་བཟུང་བྱ་རྒྱུ་རེད། ཁོ་ཚོས་ང་བཟུང་ནས་བསད་ཀྱང་སྐྲག་གི་མི་འདུག ང་ལ་འགྱོད་པ་མེད། ད་ནས་བཟུང་སྟེ་ངས་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་རྒྱུ་མ་རེད། གལ་སྲིད་ང་ལ་གོ་ཐོས་མེད་པར་གྱུར་ན་ང་འཛིན་བཟུང་ཐེབས་པའི་རྟགས་མཚན་ཡིན་ཞེས་བཀོད།།

དཀོན་མཆོག་སྦྱིན་པའི་ཕ་མིང་ལ་བསོད་ནམས་དབང་ལྡན་དང་མ་མིང་ལ་དཔལ་ལྷ་ཟེར། ཁོ་པ་ཆུང་དུས་ཆོས་འཁོར་བྱམས་པ་གླིང་དགོན་པའི་ཆོས་སྒོར་ཞུགས། ༡༩༨༩་ལོར་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་བྱེས་ཀྱི་འབྲི་གུང་བཀའ་བརྒྱུད་པའི་གདན་ས་ཨ་མ་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་འགོ་ཚུགས། ༡༩༩༦་ལོར་བསླབས་པ་མཐར་སོན་པ་དང་ཕྱིས་སུ་སྐྱ་སར་བབས་ཏེ་སུ་ཇ་སློབ་གྲྭ་དང་ཝྭ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་རྒྱུན་བསྐྱངས་ཏེ་དབྱིན་ཇི་དང་ཧིན་དྷི་སོགས་བྱང་ཆུབ་པ་ཞིག་སྦྱངས། ༡༩༩༨་ལོར་དཀོན་མཆོག་སྦྱིན་པ་བོད་ལ་ཕྱིར་ལོག་བྱས་ནས་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་གྱི་ཆེད་ལས་གཉེར། ཁོང་གིས་ས་གནས་མི་མང་ལ་དཔལ་འབྱོར་དང་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་གཏོང་དགོས་པའི་བསླབ་བྱ་ཡང་ཡང་བརྒྱབ་ནས་ཡུལ་མི་ཀུན་གྱིས་གོང་དུ་བཀུར་ཡུལ་ཞིག་ཏུ་གྱུར། དཀོན་མཆོག་སྦྱིན་པ་༢༠༡༢་བར་དུ་རྒྱ་གར་ལ་ཐེངས་འགའ་ཞིག་ཡོང་སྟེ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུས།།

༢༠༡༣་ལོར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་ལ་དྲག་ཆས་ཉེན་རྟོག་པ་བཏང་ནས་དྲག་གནོན་བྱ་རྒྱུ་མགོ་བརྩམས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་མཚོན་ཆ་ཐོགས་མེད་པའི་མི་ཚོགས་ཁྲོད་དུ་མེ་མདའ་བརྒྱབ་པ་དང་མི་མང་སྐོར་ཚོགས་ཤིག་འཛིན་བཟུང་། བོད་པ་མང་དག་ཅིག་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ནས་ལོ་༡༨་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད། མི་འགའ་ཞིག་ལ་འཛིན་བཟུང་འོག་ཏུ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན། ཉེ་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་བོད་པ་༡༣༢༥་ལྷག་བཀག་ཉར་བྱས་ནས་མི་༦༧༠་ཡས་མས་ཤིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ངེས་གཏན་བྱུང་འདུག རྒྱ་ནག་གཞུང་གིས་དཀོན་མཆོག་སྦྱིན་པ་འཛིན་བཟུང་བཙོན་འཇུག་བྱས་པ་དང་འབྲི་རུ་རྫོང་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཅི་ཡང་ཕྱིར་བསྒྲགས་བྱས་མེད། འོན་ཀྱང་ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་དེའི་ནང་དུ་ལོ་ན་༣༤་ཡས་མས་སུ་སོན་པའི་འབྲི་རུའི་རྣམ་དག་གིས་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་མཁན་ཚོར་རོགས་རམ་བྱས་པའི་ཉེས་མིང་འོག་ཏུ་ལོ་༡༣་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། རྣམ་དག་གི་མཉམ་དུ་འབྲི་རུའི་བོད་པ་གཞན་པ་༧་ལའང་ནག་ཉེས་གཅིག་མཚུངས་བཙུགས་ནས་ལོ་༡༣་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་ཀྱང་བོད་པ་དེ་དག་སུ་སུ་ཡིན་མིན་དང་ས་གནས་གང་ནས་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་མ་བྱུང་། ༢༠༢༠་ལོའི་ཕྱི་ཟླ་༦་ནང་དུ་འབྲི་རུ་རྫོང་གི་ཆགས་རྩེ་ཡུལ་ཚོ། དབུས་ལུང་གྲོང་ཚོའི་བསྟན་འཛིན་ཐར་པ་དང་ལྷ་མོ་ཞེས་པའི་སྤུན་མཆེད་གཉིས་སྔ་རྗེས་སུ་འཛིན་བཟུང་བྱས་པ་དང་ལྷ་མོར་བཙོན་ཁང་དུ་སྡུག་སྦྱོང་དྲག་པོ་བཏང་སྟེ་༢༠༢༠་ལོའི་ཕྱི་ཟླ་༨་པའི་ནང་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG