ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧི་མ་ཅལ་མངའ་སྡེའི་གངས་གཟིག་སྲུང་སྐྱོབ་ས་ཁུལ་ཁུ་ནུ་རྫོང་ལ་རྒྱ་སྐྱེད།


༄༅།། ཉེ་ཆར་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་གི་རྒྱ་ལམ་ཐོག་ཏུ་གངས་གཟིག་གསུམ་འགྲོ་བཞིན་པ་མཐོང་སྟེ་མི་ཚོས་འདྲ་པར་བརྒྱབ་པ་དང་བརྙན་ཐུང་བླངས་ནས་དྲྭ་ལམ་དུ་བཀྲམ་པས་དྲྭ་དམངས་ཀྱིས་དགའ་མོས་བྱེད་པའི་གསར་འགྱུར་ཞིག་ཏུ་གྱུར། ཕྱི་ཟླ་༢་པའི་ཚེས་༢་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧི་མ་ཅལ་མངའ་སྡེའི་གཞུང་གི་ནགས་སྲུང་ལས་ཁུངས་ཀྱི་ཐོ་གཞུང་དུ་མངའ་སྡེ་དེའི་རི་དྭགས་སྲུང་སྐྱོབ་ས་ཁུལ་ཁག་ཏུ་གཅན་གཟན་ཆེ་རིགས་༧༣་ཡོད་ཅེས་འཁོད། ཧི་མ་ཅལ་མངའ་སྡེའི་སྤེ་ཏེ་དང་ཁུ་ནུ། གར་ཞྭ་དང་སྐྱིད་ལུང་སོགས་ཀྱི་རྫ་རི་བྲག་རི་དང་གངས་རི། ནགས་ཁྲོད་སོགས་སུ་གངས་གཟིག་གི་གྲངས་འབོར་འཕེལ་རྒྱས་འགྲོ་བཞིན་པ་ནི་འཛམ་གླིང་གི་རི་སྐྱེས་སེམས་ཅན་སྲུང་སྐྱོབ་ཚོགས་པ་ཁག་དང་ལས་འགུལ་བ་ཚོས་དགའ་བསུ་ཞུ་འོས་པའི་གནས་སུ་གྱུར། ད་ལྟ་ཧི་མ་ཅལ་མའ་སྡེའི་གཞུང་གིས་གངས་གཟིག་སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་ཁུ་ནུ་རྫོང་བར་དུ་རྒྱ་བསྐྱེད་རྒྱུའི་ཐག་བཅད་ནས་ཁུ་ནུ་རྫོང་གི་གངས་གཟིག་གི་གྲངས་འབོར་འཕེལ་གྱི་ཡོད་ཅིང་། གར་ཞྭ་བ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་མཁན་ཚེ་རིང་བུདྷ་ཤཱཀྱ་ཞེས་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ད་ལོའི་དགུན་ཁར་སྤི་ཏེའི་རི་ལུང་ཁག་ཏུ་གངས་གཟིག་མཐོང་རྒྱུ་འབྱུང་རྒྱུ་ཇེ་མང་དུ་ཕྱིན་འདུག གཅིག་བྱས་ན་གློག་གི་འཕྲུལ་ཆས་དང་པར་ཆས་སོགས་མང་དྲགས་པས་མཐོང་ཐོས་འབྱུང་གི་ཡོད་པ་ཡིན་སྲིད། འོན་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་ཚོས་རི་དྭགས་སེམས་ཅན་ལ་ལྟད་མོར་བལྟ་རྒྱུའི་ཚོང་ལས་འདི་ཤུགས་ཆེ་དྲགས་ན་གཅན་གཟན་དེ་དག་གི་རང་གཤིས་ལ་འགྱུར་བ་ཐེབས་སྲིད་པས་དགེ་མཚན་མེད། གངས་གཟིག་དང་གཅན་གཟན་གྱི་རིགས་རྣམས་མི་ལ་འདྲིས་དཀའ་བའི་སེམས་ཅན་རེད། མི་ལ་འདྲིས་དྲགས་ན་རི་སྐྱེས་སེམས་ཅན་དེ་དག་གི་གཤིས་སྤྱོད་ལ་འགྱུར་བ་ཐེབས་རྒྱུ་རེད་ཅེས་བསྟན།།

ལོ་གཉིས་ཀྱི་སྔོན་དུ་ཉམས་ཞིབ་པ་ཚོས་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་གི་ས་ཏ་ལེ་ཇཱི་ཆུ་བོའི་འགྲམ་དུ་གངས་གཟིག་གི་གནས་ཡུལ་ཡོད་པ་གསར་དུ་རྙེད། གར་ཞྭའི་སྤྱི་དམངས་འབྲེལ་མཐུད་རོགས་ཕན་ཁང་གི་འགོ་ཁྲིད་གཞོན་པ་ཨ་ཇཱེ་བྷན་ཡལ་གྱིས་ང་ཉེ་ཆར་ལང་ཆ་གྲོང་གསེབ་ཏུ་ཕྱིན་ནས་ཕྱིར་ལོག་བྱེད་པའི་སྐབས་སུ་ལམ་དུ་གངས་གཟིག་གསུམ་མཐོང་བྱུང་། གངས་གཟིག་དེ་ཚོས་གྲོག་རོང་ནང་ལ་ཆུ་འཐུང་དུ་ཡོང་གི་ཡོད་པའི་ར་རྒོད་ཁྱུ་གཅིག་ལ་འཇབ་སྒུག་བྱས་ནས་བསྡད་འདུག ངས་གསའ་དེ་ཚོ་བརྙན་པར་བླངས་ནས་དྲྭ་ལམ་དུ་བཀྲམ་པ་ཡིན། ང་ལ་མི་འགའ་ཞིག་གིས་ཁ་པར་བཏང་ནས་གངས་གཟིག་དེ་ཚོར་གང་དུ་བལྟ་ཐུབ་མིན་སྐད་ཆ་དྲིས་བྱུང་ཅེས་གསར་འགོད་པར་བཤད། དེ་བཞིན་གར་ཞྭའི་ནགས་སྲུང་ཡན་ལག་ལས་ཁུངས་ཀྱི་ལས་སྣེ་ནེ་གྷི་ཧར་དེ་ཝ་ཞེས་པ་ཞིག་གིས་ཀྱང་གངས་གཟིག་མཐོང་ཐོས་བྱུང་བ་ནི་བཟང་ལྟོས་ཤིག་རེད། དེ་ནི་ས་གནས་ཡུལ་མི་རྣམས་རི་སྐྱེས་སེམས་དང་ཞི་བདེ་མཉམ་གནས་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད། ང་ཚོས་ས་ཁུལ་དེ་ཚོར་བརྟག་ཞིབ་བྱ་རྒྱུ་ཡིན། ས་ཁུལ་དེར་ར་རྒོད་དང་གཉན་མང་པོ་ཡོད་པས་གངས་གཟིག་གི་ལྟོ་ཟས་མོད་པོ་རེད་ཅེས་བཀྲལ། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྦི་ཏེ་དང་ཁུ་ནུ། གར་ཞྭ་སོགས་ནི་གངས་གཟིག་གི་འཚོ་ཡུལ་གཙོ་བོ་ཞིག་ཡིན་པར་མ་ཟད། མངའ་སྡེའི་གཞུང་གིས་བཅད་མཚམས་བགོས་པའི་ཕྱི་ལོགས་སུའང་གསའ་དང་གཅན་གཟན་གཞན་རྣམས་འཚོ་གནས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་།།

རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་བཀོད་པ་ལྟར་ན། དེང་སྐབས་ཁུ་ནུ་དང་སྦི་ཏེའི་ཁུལ་དུ་གངས་གཟིག་མང་པོ་ཡོད་ཀྱང་ས་གནས་ཡུལ་མི་ཚོས་འཚོ་སྐྱོང་བྱེད་བཞིན་པའི་ར་ལུག་དང་ནོར་ནག་སོགས་གསོད་རྒྱུ་ཇེ་ཉུང་དུ་སོང་ཞིང་། འདས་པའི་ལོ་གཉིས་མས་མས་ཤིག་ནས་ཡུལ་མིའི་སྒོ་ཕྱུགས་རྣམས་གངས་གཟིག་གིས་བསད་པའི་གནས་ཚུལ་གཅིག་ཀྱང་ཐོན་མེད་སྐད། ལ་ར་ཚེ་རིང་ཞེས་པའི་སྤི་ཏིའི་ཡུལ་མི་ཞིག་གིས་སྔོན་ཆད་ཡུལ་མིའི་སྒོ་ཕྱུགས་སོགས་གངས་གཟིག་གིས་གསོད་ཀྱི་ཡོད་པའི་གནས་ཚུལ་མང་པོ་གོ་ཐོས་འབྱུང་གི་ཡོད། ད་ལྟ་གོ་ཐོས་མེད་པར་གྱུར་པ་ཇི་བཞིན་ཡུལ་མི་ཚོས་ཀྱང་གངས་གཟིག་བསད་པ་དྲན་གྱི་མི་འདུག དེ་ནི་གངས་གཟིག་ལ་རི་དྭགས་སེམས་ཅན་གསོད་རྒྱུ་མང་པོ་ཡོད་པའི་རྟགས་མཚན་རེད། ངས་ལོ་གསུམ་ལ་གངས་གཟིག་གི་གནས་ཡུལ་ཁག་འཚོལ་ཞིབ་བྱས་པ་ཡིན། ང་ཚོའི་ཡུལ་མི་རྣམས་ནང་པ་ཡིན་པས་རི་དྭགས་སེམས་ཅན་གཏན་ནས་གསོད་ཀྱི་མ་རེད། ཉེ་བའི་ལོ་ཤས་ཤིག་ནས་ས་གནས་ཡུལ་མི་ཚོས་གངས་གཟིག་གི་ལྟད་མོར་འཁྲིད་རྒྱུའི་ཚོང་ལས་གཉེར་འགོ་ཚུགས་སོང་ཞེས་བཤད། ཀི་བྷིར་གྲོང་གསེབ་ཀྱི་ཡུལ་མི་ཚེ་རིང་བཀྲ་ཤིས་ཞེས་པ་ཞིག་གིས་དགུན་ཁར་གངས་གཟིག་སོགས་ལ་ལྟ་མཁན་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་འདུག གངས་གཟིག་གི་ལྟད་མོའི་ཚོང་ལས་ནི་ང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ཞིག་ཡིན་ཞེས་བཤད། ཧི་མ་ཅལ་མངའ་སྡེའི་གཞུང་གིས་མ་ན་ལི་རི་གྲོང་དུ་ཚུགས་པའི་ཨ་ཐལ་བྷི་ཧ་རི་ཝ་ཇ་པ་དབྱི་རི་འཛེགས་ཉམས་ཞིབ་ཁ་དུ་སྤི་ཏེའི་ལུང་གཤོང་གི་ན་གཞོན་༣༠་ཐམ་པར་སྦྱོང་བརྡར་སྤྲད། ཁོ་ཚོས་གངས་གཟིག་གི་ལྟད་མོར་འཁྲིད་རྒྱུའི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་ནས་གངས་གཟིག་སྟོན་ཐེངས་རེར་ཡུལ་སྐོར་སྤྲོ་འཆམ་པ་རེའི་ལག་ནས་ཧིན་སྒོར་༡༠༠༠་ནས་༡༥༠༠་ཡས་མས་རེའི་གནས་ཤན་གྱི་གླ་ཕོགས་ལེན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG