ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་པའི་བུད་མེད་ཅིག་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན།


༄༅།། འཛམ་གླིང་ཡོངས་སུ་མི་གྲངས་དུང་ཕྱུར་མང་པོར་ཏོག་དབྱིབས་ནད་དུག་འགོས་པ་དང་མི་གྲངས་ས་ཡ་མང་པོར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་། འབྲུག་ཡུལ་ལ་འདས་པའི་ལོ་གཉིས་ཀྱི་རིང་དུ་མི་༥༠༠༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས། ད་ལྟའི་བར་དུ་འབྲུག་པ་༤་ལ་མ་གཏོགས་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་མ་བྱུང་། འབྲུག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་པའི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར། ཡིན་ནའང་གཟའ་སྤེན་པའི་ཕྱི་དྲོར་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གི་ངོ་དེབ་ནང་དུ་མི་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་གོ་ཐོས་བྱུང་སྟེ་མདེའུ་ཕོག་པ་ལྟར་གྱི་ཚོར་ཞིག་སྐྱེས་བྱུང་། ངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ཀྱིས་ང་ཚོའི་གྲོགས་པོ་འདས་པོ་དེར་སྨོན་ལམ་འདེབས་ཀྱི་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། འདི་ནི་འབྲུལ་ཡུལ་ལ་ཏོག་དབྱིབས་ནད་དུག་གིས་མི་བཞི་པ་ཞིག་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གསལ་བསྒྲགས་སྤེལ་བ་ཡིན་ཞིང་། དེར་བརྟེན་འབྲུག་ཡུལ་གྱིས་མུ་མཐུད་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་དམ་འཛིན་བྱེད་དགོས་པ་དང་ཚབས་ཆེའི་ནད་ཡམས་འདིར་ལྷོད་ཡངས་གཏོང་མི་ཉན་པ་སླར་ཡང་ར་འཕྲོད། དེང་སྐབས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཇེ་མང་དུ་སོང་བའི་སྟབས་ཀྱིས་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཚང་མས་ཉི་མ་བདུན་རེའི་མཚམས་སུ་བརྟག་དཔྱད་ཐེངས་རེ་བྱ་དགོས། འགྲིམ་འགྲུལ་བཀག་སྡོམ་དང་སྒོ་རྒྱ་བསྡམས་ཡུལ་ཁག་ཏུ་ནད་འགོག་གི་སྒྲིག་ཁྲིམས་རྣམས་ལག་ལེན་ཚུལ་བཞིན་བསྟར་དགོས་ཞེས་བཀའ་ཕབ།།

གཟའ་མཇུག་དེར་འབྲུག་ཡུལ་གྱི་ཀུན་གསལ་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ས་ཐིམ་ཕུ་གྲོང་ཁྱེར་དུ་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་ཞོགས་པར་ལོ་ན་༣༤་ལ་སོན་པའི་བུད་མེད་ཅིག་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག འདི་ནི་༢༠༢༠་ལོའི་ཕྱི་ཟླ་༣་པའི་ཚེས་༣་ཉིན་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས་པའི་གཞུག་ཏུ་མི་ལ་འཆི་སྐྱོན་བྱུང་བ་ཨང་བཞི་པ་དེ་རེད། བུད་མེད་དེར་མཁལ་མའི་ན་ཚ་ཡོད་པ་དང་ཕུན་ཚོགས་གླིང་ནས་རྒྱལ་ས་ཐིམ་ཕུའི་སྨན་ཁང་དུ་བསྐྱལ་ཞིང་། འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་སྙིང་གི་ན་ཚ་དང་མཁལ་མའི་ན་ཚ་ཡོད་མཁན་ཚོས་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་གང་གཟབ་བྱ་དགོས་ཞེས་བཀོད་ཁྱབ་བཀྲམ། ༢༠༢༡་ལོའི་ཕྱི་ཟླ་༡་པོའི་ནང་དུ་འབྲུག་ཡུལ་གྱི་སྐྱེས་པ་མཆིན་ནད་ཅན་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་མི་༢༠༥་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་། ཉེ་ཆར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་འབྲུག་ཡུལ་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་ཐོན། འབྲུག་གཞུང་གིས་ལོ་༡༢་ཡན་ཆད་ཀྱི་མི་འབོར་བརྒྱ་ཆ་༩༣་ལ་འགོག་ཁབ་བརྒྱབ་ཟིན་པར་མ་ཟད། རྒན་རྒོན་དང་ནད་པ། སྨན་པ་དང་སྨན་ཞབས་པ་སོགས་ཏོག་དབྱིབས་ནད་དུག་གི་མདུན་སར་འཐོན་མཁན་འཕྲོད་བསྟེན་ལས་སྣེ་བརྒྱ་ཆ་༩༨་ལྷག་ལ་སྨན་ཐུན་གཉིས་ཀྱི་འགོག་ཁབ་དང་སྨན་ཐུན་གསུམ་པའི་ཤུགས་སྐྱེད་སྨན་ཁབ་བཅས་བརྒྱབ་ཟིན། ཐོག་མར་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ད་ལྟའི་བར་དུ་འབྲུག་ཡུལ་དུ་མི་༤༦༨༥་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༤་ལ་འཆི་སྐྱོན་བྱུང་འདུག

ཕྱི་ཟླ་༡་པའི་ཚེས་༣༡་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུལ་རྒྱལ་གཞུང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་ནད་དུག་ཁྱབ་གདལ་འགྲོ་ཡུལ་ཁག་གི་ཆེད་ལས་པ་རྣམས་ཕྱི་ཟླ་༢་པའི་ཚེས་༣་བར་དུ་ཆེད་ལས་སྒྲུབ་ཏུ་བསྐྱོད་མི་དགོས་པར་རང་ཁྱིམ་དུ་རྒྱང་ལས་བྱེད་ཆོག རྫོང་ཁག་དང་ས་གནས་ཀྱི་གནས་སྟངས་ལ་གཞིགས་ནས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱེད་དགོས་མིན་ཐག་གཅོད་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། སྨན་པ་སྲི་ཐར་རྡོ་རྗེས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་ས་ཁུལ་ཆེ་ཁག་འགའ་ཞིག་གི་ནང་དུ་འཛེམ་ཟོན་བྱེད་དགོས་པའི་ཁང་ཆེན་བདུན་འདུག ངས་བལྟས་ན་ནད་དུག་ཁྱབ་ཀྱི་མེད་པའི་རྫོང་ཁག་རྣམས་དང་མ་འདྲ་བར་ནད་དུག་ཁྱབ་ཡུལ་ཁག་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱེད་ན་ནད་ཡམས་ཁྱབ་རྒྱུའི་ཉེན་ཁ་ཆེ། རྒྱལ་ས་ཐིམ་ཕུའི་ནང་དུ་ནད་དུག་ཁྱབ་གདལ་མང་པོ་མེད་ཀྱང་དབང་འདུས་དང་རྩི་མ་གཤམ། ཕུན་ཚོགས་གླིང་དང་དགེ་ལེགས་ཕུ་བཅས་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་ནད་དུག་ཁྱབ་སྲིད་པའི་ཉེན་ཁ་ཡོད་ཅེས་བསྒྲགས། འབྲུག་ཡུལ་གྱི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་ལས་སྣེ་སྨན་པ་བསོད་ནམས་དབང་ཕྱུག་གིས་རྫོང་ཁག་མང་དག་ཅིག་ལ་ནད་དུག་ཁྱབ་ཀྱི་ཡོད་པས་འབྲུག་ཡུལ་གྱི་རྫོང་ཁག་༡༤་ལ་བདུན་ཕྲག་གཉིས་ཀྱི་རིང་དུ་སྒོ་རྒྱ་བསྡམ་རྒྱུ་ཡིན། ཕྱི་ཟླ་༡་པའི་ཚེས་༢༨་ཉིན་རྒྱལ་ས་ཐིམ་ཕུ་གྲོང་དུ་མི་མང་ལ་སྡེབ་ཏུ་བརྟག་དཔྱད་བྱེད་མགོ་བརྩམས་ཡོད། ད་ལྟ་ས་ཁུལ་ཆེ་ཁག་གཅིག་གི་བརྟག་དཔྱད་གྲུབ་འབྲས་ལ་སྒུག་ཡོད་ཅེས་བཤད། འབྲུག་གཞུང་གིས་ཁྱོན་བསྡོམས་ཕྱི་ཚེས་༢༨་ནས་རྒྱལ་ས་ཐིམ་ཕུའི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཆེ་ཁག་གི་མི་གྲངས་༢༣༥༠༠༠་ལྷག་ལ་བརྟག་དཔྱད་བྱས་ཤིང་། སྨན་པ་སྲི་ཐར་རྡོ་རྗེས་འབྲུག་ཡུལ་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགྲིམ་འགྲུལ་བརྒྱུད་ནས་ཁྱབ་སྤེལ་གཏོང་གི་འདུག དེང་སྐབས་དབང་འདུས་རྒེད་འོག་དང་དགེ་ལེགས་ཕུའི་རྒེད་འོག་གི་ས་གནས་ཁག་ཅིག་ལ་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད་འདུག

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་གྲངས་འབུམ་༨་ཡས་མས་ཤིག་ཡོད་པའི་འབྲུག་རྒྱལ་ཁབ་དང་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་འགའ་ཞིག་ལ་མ་གཏོགས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་གནོད་འཚེ་ཚབས་ཆེན་ཕོག བྱང་ཀོ་རི་ཡ་དང་ཏུར་ཀི་མ་ཎི་སི་ཐན་ལྟ་བུའི་རྒྱལ་ཁབ་ཁག་ཅིག་གིས་རང་ཡུལ་དུ་མི་ཅི་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་རྣམས་གཏན་ནས་གསལ་བསྒྲགས་མི་སྤེལ། འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་འཆི་བ་དེས་ང་ཚོས་ད་དུང་ཡང་ནད་ཡམས་སྔོན་འགོག་དམ་པོ་བྱེད་དགོས་པའི་དྲན་སྐུལ་ཁ་ཏིག་བྲོ་བ་ཞིག་བྱས་བྱུང་། འབྲུག་གཞུང་གིས་ནད་ཡམས་འདི་རྩ་འཇོམས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། ང་ཚོས་སྔོན་འགོག་ཐུབ་པའི་ནད་དུག་འདིར་མིའི་རྩ་ཆེའི་ཚེ་སྲོག་འཕྲོག་ཏུ་འཇུག་མི་ཉན་ཞེས་བསྟན། སྲིད་བློན་བློ་གྲོས་ཚེ་རིང་ནི་གཤག་བཅོས་སྨན་པ་ཞིག་ཡིན་པ་དང་སྲིད་བློན་གྱི་ཐུགས་འགན་བཞེས་པའི་ཞོར་དུ་གཟའ་མཇུག་གི་དུས་སུ་གཤག་བཅོས་ཀྱི་ཆེད་ལས་རྒྱུན་སྐྱོང་གི་ཡོད་ཅིང་། ན་ནིང་ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་ལྷོ་ཨ་ཧྥི་རི་ཀ་ནས་འཛམ་གླིང་ཡོངས་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཅིག་ཁྱབ་ནས་བཟུང་། འབྲུག་ཡུལ་ལའང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས་འདུག

XS
SM
MD
LG