ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གཞུང་གིས་སློབ་གྲྭ་ལྷག་མ་༦་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུ།


༄༅།། བཀའ་ཤག་སྐབས་༡༥་པ་འཕོ་འགྱུར་འགྲོ་ལ་ཉེ་བའི་མཚམས་ཏེ། ཕྱི་ཟླ་༥་པའི་ཚེས་༢༥་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ཏུ་རྒྱ་གར་དབུས་གཞུང་ཤེས་རིག་བློན་ཆེན་ལྷན་ཁང་གི་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་མ་སུ་རི་དང་སིམ་ལ། ཌ་ལ་ཧོ་སི། རྡོ་རྗེ་གླིང་། ཀ་ལི་སྤུང་། ཧ་པར་པུར་བཅས་གཏན་སློབ་ལྷག་མ་དྲུག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཌ་བོད་སློབ་ཚོགས་པར་རྩིས་སྤྲོད་བྱ་རྒྱུའི་བཀའ་འཁྲོལ་ཐོབ་པ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་གྱིས་མ་འོངས་པར་སློབ་གྲྭ་ལྷག་མ་དྲུག་རྩིས་སྤྲོད་རྩིས་ལེན་གྲུབ་པའི་རྗེས་སུ་ཤེས་རིག་ལས་ཁུངས་ཀྱིས་གཏན་སློབ་དགེ་རྒན་རྣམས་ཤེས་རིག་ལས་ཁུངས་ཀྱི་ཁྲིམས་དང་སྒྲིག་གཞིར་མཐུན་པའི་ཐོག་ཏུ་བསྐོ་བཞག་བྱ་རྒྱུའི་གྲོས་སྡུར་བྱ་དགོས་པའི་ལས་འགན་ཕར་མ་ཞིག་འདུག་ཅེས་ངོ་སྤྲོད་བྱས་འདུག

སིམ་ལའི་གཏན་སློབ་ཀྱི་སློབ་སྤྱི་ཕུར་བུ་ཚེ་རིང་གིས་སིམ་ལ་གཏན་སློབ་ལ་ཆ་མཚོན་ན་བོད་པ་བཙན་བྱོལ་བའི་སློབ་ཕྲུག་༡༡་དང་ཧི་མ་ལ་ཡའི་མངའ་ཁུལ་གྱི་སློབ་ཕྲུག ས་གནས་རྒྱ་གར་བའི་སློབ་ཕྲུག་བཅས་ཡིན་པས་ཕན་ཐོགས་མི་འདུག ཐོག་མར་རྒྱ་གར་དབུས་གཞུང་གིས་ཕྲུག་གུའི་གྲངས་ཚད་ལ་གཞི་བཅོལ་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད། ད་ལྟའི་ཆར་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ནས་དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་འགྲོ་ཡི་འདུག རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་བདག་སྐྱོང་བྱས་ཀྱང་རྒྱ་གར་གཞུང་ནི་དཔལ་འབྱོར་གྱི་རྒྱ་མཚོ་ལྟ་བུ་ཞིག་ཡིན་པས་མ་འོངས་པར་དཔལ་འབྱོར་སོགས་ཀྱི་ཐད་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ལ་དགེ་རྒན་ཚོར་བློ་འཚབ་འབྱུང་གི་འདུག་ཅེས་བཤད། སྲིད་སྐྱོང་ཟུར་པ་བློ་བཟང་སེངྒས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་དྲུག་སཾ་བྷོ་ཌ་བོད་སློབ་ཚོགས་པར་རྩིས་སྤྲོད་བྱས་པ་ནི་བཀའ་ཤག་སྐབས་༡༤་པ་དང་སྐབས་༡༥་པའི་ལས་དོན་གལ་འགངས་ཆེ་ཤོས་ཡིན་པ་དང་ལམ་ལྷོངས་བྱུང་སྟེ་གཏམ་བཟང་ཡིན་ཞེས་གསུངས་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG