ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་དུ་མི་༤༧་ལ་ནད་དུག་འགོས་པ།


༄༅།། འདས་པའི་བདུན་ཕྲག་དེར་བཙན་བྱོལ་བོད་མིའི་གཞི་སྒར་བདེ་སྐྱིད་གླིང་དང་རྡ་རམ་ས་ལ། ལྷོ་ཕྱོགས་གཞི་ཆགས་ཁག་ཏུ་ནད་དུག་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་དུ་མི་༤༧་ལ་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་གར་རྒྱལ་ཡོངས་སུ་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་བའི་གཞི་གྲངས་ཁག་ལ་གཞིགས་ཚེ། ཉིན་ལྟར་ནད་པའི་ཐོ་གཞུང་ཁག་ཏུ་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་གར་དང་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་མི་དམངས་ལ་བརྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བདེ་སྐྱིད་གླིང་གཞིས་ཆགས་དང་རྡ་རམ་ས་ལ། ལྷོ་ཕྱོགས་གཞི་ཆགས་ཁག་ཏུ་ནད་དུག་གསར་དུ་འགོས་པའི་ནད་པ་༣༧༢་བྱུང་ཡོད་པ་དེ་དག་གི་ཁོངས་སུ་བཞུགས་སྒར་རྡ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་མི་༤༧་འདུས།།

བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་མི་ཚོགས་ཆེན་པོ་འདུ་ཡུལ་ཁག་ཏུ་ནད་དུག་ཁྱབ་གདལ་འགྲོ་སྲིད་པར་འཛེམ་ཟོན་བྱ་དགོས་པའི་ལམ་སྟོན་གནང་བར་མ་ཟད། སྤྱི་ཟླ་༥་པའི་ཚེས་༢༧་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བསྒྲགས་སྐབས་སུ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་བོད་པ་གནས་ཡུལ་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་རྣམས་གསལ་བསྒྲགས་སྤེལ། ཁོང་གིས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་དཀོན་པོ་ཡིན་རུང་བོད་པ་གནས་ཡུལ་གཞི་སྒར་ཚང་མས་འབྲེལ་ཡོད་རྫོང་གི་སྨན་ཁང་ཁག་དང་མངའ་སྡེ་གཞུང་སོགས་ལ་འབྲེལ་བ་བྱས་ནས་སྨན་ཁབ་རག་ཐབས་ཀྱི་འབད་བརྩོན་བྱ་དགོས་ཞེས་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་པ་གནས་ཡུལ་ས་གནས་ཁག་ཏུ་བརྟག་དཔྱད་བྱས་པའི་དབང་གིས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པས་ནད་ཡམས་ཚབས་ཆེན་ཞིག་ཏུ་མི་འགྲོ་བའི་ཆེད་དུ་སུ་འདྲ་ཞིག་ལ་ནད་རྟགས་ཐོན་ཡང་ངེས་པར་དུ་བརྟག་དཔྱད་བྱ་དགོས། རྒྱ་བལ་གཉིས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་འགོ་ཚུགས་ནས་བཟུང་སྟེ་ད་ལྟའི་བར་དུ་བོད་པ་༡༧༤༠༩་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་འདུག་ཅེས་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་འགྲེལ་བརྗོད་གནང་གི་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG