ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སྲིད་སྐྱོང་སྤེན་པ་ཚེ་རིང་གི་ལས་ཁུར་དམ་འབུལ།


༄༅།། དེ་རིང་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ་སྲིད་སྐྱོང་གསར་རྙིང་གཉིས་དང་དབུ་ཁྲིད་ཁག་ཅིག་ལྷན་འཛོམ་ཐོག་ཏུ་ཚོགས་ཏེ་མང་ཚོགས་ལ་དྲྭ་ལམ་དུ་མཛད་རིམ་རྣམས་རྒྱང་སྲིང་ཞུས་ཡོད་ཅིང་། དེ་རིང་གི་མཛད་སྒོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་དྲྭ་ལམ་དུ་ལྷན་ཞུགས་གནང་སྟེ་འདེམས་ཐོན་སྲིད་སྐྱོང་གིས་ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་ལས་ཁུར་དམ་འབུལ་དང་གསང་རྒྱའི་དམ་བཅའ་བཞག་པར་གཟིགས་ཤིང་། ཁྲིམས་ཞིབ་པ་ཆེ་བས་སྲིད་སྐྱོང་གསར་པར་རྟེན་འབྲེལ་གྱི་འཚམས་འདྲིའི་མཇལ་དར་སྒྲོན། སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེས་བཀའ་ཤག་གི་ལས་འགན་རྩིས་སྤྲད་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲད། དེའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ། ༧གོང་ས་མཆོག་གིས་བོད་ནི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཆོས་རྒྱལ་རིམ་བྱོན་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་བཅས་བརྒྱུད་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན་ཞིང་། ད་ལྟའི་དུས་སྐབས་སུ་དམངས་གཙོའི་ལམ་དུ་སྐྱོད་བཞིན་ཡོད་པའི་རྒྱབ་ལྗོངས་རྣམས་རིམ་པ་བཞིན་གསལ་བཀྲོལ་མཛད།།

ད་ལྟའི་འགྱུར་ལྡོག་ལ་གཞིགས་ཏེ་དབུ་མའི་ཐབས་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་རྒྱུ། བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་སྲུང་སྐྱོབ་དོན་དུ་སྐུ་ལས་གང་ཐུབ་བསྐྱོན་ཡོད་པར་བསྔགས་བརྗོད། ད་ལྟའང་ཤུགས་སྣོན་བསྐྱོན་ས་དེ་དག་ཡིན་པ་གསལ་སྟོན། སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོ་མ་ཚོགས་སྔོན་དེར་འདེམས་ཐོན་སྲིད་སྐྱོང་གི་ལས་ཡུན་རིང་གྲོགས་འཕྲིན་ལས་ཀྱི་གཞུང་བརྟེན་དགྲ་ལྷའི་བརྟན་ཁང་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དང་དགའ་གདོང་གསལ་བྱེད་གྲྭ་ཚང་བཅས་པར་གནས་གཟིགས་སུ་ཕེབས། མཛད་སྒོ་གྲུབ་མཚམས་སུ་ཚོགས་ཁང་ཕྱི་ལོགས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན། ཆུ་ཚོད་༡༡་དང་ཕྱེད་ཀའི་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་ཐོག་མ་དེ་གནང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་མཛད་སྒོར་བཀའ་སློབ་གནང་བར་བཀའ་དྲིན་ཆེ། སྲིད་སྐྱོང་གསར་པའི་བཀའ་ཤག་གིས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བཞིན་ཤར་སྐྱོད་ཞུ་རྒྱུའི་དམ་བཅའ་ཡོད། མང་ཚོགས་ཀྱིས་ཀྱང་དེ་ལྟར་བསྒྲུབ་དགོས་པའི་རེ་འདུན་ཞུས།།

སྲིད་སྐྱོང་གསར་པས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཕྱི་སྲིད་ལྷན་ཁང་། རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཁག དེ་བཞིན་རྒྱལ་སྤྱིའི་ཚོགས་སྒེར་ཁག་གིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ། ངས་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་སྤེལ་བའི་རྩ་འཛིན་རྣམས་ལག་བསྟར་བྱ་རྒྱུ་ཡིན་ཞེས་ནན་བརྗོད་གནང་བར་མ་ཟད། དེ་རིང་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ངོས་ནས་མང་ཚོགས་ལ་གསུང་བཤད་ཐོག་མ་དེ་གནང་སྟེ་འཛིན་སྐྱོང་གི་ལས་འགན་གལ་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་རྒྱུ། དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ནས་བོད་རྒྱ་ཞི་འགྲིག་ཡོང་ཐབས་བྱ་རྒྱུ། དམངས་གཙོའི་ལམ་ལུགས་ཚགས་ཚུགས་དང་སྲ་བརྟན་ཡོང་བར་དམངས་གཙོའི་ཀ་བ་གསུམ་གྱི་སྐུ་དབང་ཆ་མཉམ་འཛིན་རྒྱུ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་བཅས་ཀྱི་ནུས་པ་མཉམ་སྤུངས་བྱ་དགོས། མི་དམངས་རྣམས་མཐུན་སྒྲིལ་དང་ཞོགས་འདེགས་བྱ་དགོས་པའི་གཞེན་སྐུལ། བཀའ་ཤག་གི་བསྒྲགས་ཚིག་སྟེ། སྤྱི་སྙོམས་དྲང་བདེན། ནུས་པ་མཉམ་སྤུངས། གོམས་པ་མདུན་སྤོ་དགོས་པའི་འབོད་སྐུལ་ཞུས།།

སྲིད་སྐྱོང་གསར་པའི་གསུང་བཤད་ནང་དུ་ད་ལྟའི་དུས་སྐབས་སུ་ཛ་དྲག་ཆེ་ཤོས་ནི་རྒྱ་གར་དང་བལ་ཡུལ་ལ་ཏོག་དབྱིབས་དུག་ཁྱབ་བརྡལ་འགྲོ་བཞིན་པར་བློ་འཚབ་ཆེ། ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་ལས་སྣེ་ཚོར་གྲོས་སྡུར་བྱས་ནས་སང་ཉིན་ཏོག་དབྱིབས་ནད་དུག་གཟིགས་རྟོག་བསྟི་གནས་ཁང་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ་དང་ཕྱི་དྲོར་ལས་དོན་སྒྲུབ་ཕྱོགས་ཀྱི་ཁྱབ་བསྒྲགས་བྱ་ཡིན་ཞེས་གསུངས་སོང་། དེ་རིང་གི་སྲིད་སྐྱོང་གསར་པའི་དམ་འབུམ་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་གདན་འདྲེན་ཞུས་ཀྱང་ཚོགས་དྲུང་ལས་ཁུངས་ཀྱིས་གནད་དོན་དེ་རྒྱུན་ལས་ཚོར་སྙན་གསེང་ཞུས་ནས་གྲོས་སྡུར་གྱིས་ཚོགས་གཞོན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཏུ་བཅར་མི་དགོས་པ་གནང་རོགས་ཞེས་ལན་བཏབ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱི་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG