ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་རི་མཱི་ཡའི་ཟམ་ཆེན་གཏོར་བ་གནད་འགག་ཡིན་པའི་རྒྱུ་མཚན་ལྔ།  


༄༅།། ༢༠༡༤་ལོར་ཨུ་རུ་སུས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་ཕུ་ཊིན་རང་གིས་ཨུ་རུ་སུ་ནས་ཁེ་རེ་མཱི་ཡ་གླིང་ཟུར་བར་དུ་ཟམ་ཆེན་ཞིག་འཛུགས་སྐྲུན་བྱ་རྒྱུ་མགོ་བརྩམས། ཕྱི་ཟླ་༡༠་པའི་ཚེས་༨་ཉིན་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་འབར་མདེལ་བཀད་ནས་ཁར་ཆི་ཟམ་ཆེན་ལ་གཏོར་སྐྱོན་ཕོག གཟའ་ཉི་མའི་ཉིན་མཉམ་འབྲེལ་གསར་ཁང་གིས་ཁར་ཆི་ཟམ་ཆེན་ནི་ཨུ་རུ་སུས་ཡུཀ་རེན་གྱི་དམག་ས་ཁག་ཏུ་མཁོ་ཆས་སྐྱེལ་འདྲེན་དང་མངའ་ཁུལ་དེར་ཨུ་རུ་སུས་དབང་བསྒྱུར་བྱེད་བཞིན་པའི་མཚོན་རྟགས། ལྷག་པར་དུ་ཕུ་ཊིན་གྱི་སྤོབས་པ་དང་དམག་འཁྲུག་ལ་ཇུས་ཉེས། ཨུ་རུ་སུས་རྒོལ་ལན་སློག་རྒྱུ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཟམ་ཆེན་ཞིག་རེད། ཕུ་ཊིན་གྱིས་ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་ཕོག་པའི་ལན་ཁག་ཡུཀ་རེན་ལ་དཀྲིས། དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་རེད་ཅེས་ནག་ཉེས་བཙུགས། ཡུཀ་རེན་གྱིས་ཁར་ཆི་ཟམ་ལ་གཏོར་རྒོལ་བྱས་པའི་ལན་ཁག་ངོས་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་སྤེལ་འདུག དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དེར་ཁར་ཆེ་ཟམ་ཆེན་གཏོར་བ་ནི་ཕུ་ཊིན་ལ་ཐད་ཀར་ཕོག་ཐུག་འགྲོ་གཞི་ཞིག་རེད། གཏོར་རྒོལ་དེ་ཕུ་ཊིན་ལོ་༧༠་ཐམ་པར་སོན་པའི་སྐྱེས་སྐར་གྱི་གཞུག་དེར་བྱུང་ཞིང་། ཕུ་ཊིན་གྱིས་དངོས་སུ་ཟམ་ཆེན་དེ་འཛུགས་སྐྲུན་དང་སྒོ་འབྱེད། ཁོ་པའི་ཆུང་དུས་ཀྱི་གྲོགས་པོ་ཞིག་ལ་འཛུགས་སྐྲུན་གྱི་གན་རྒྱ་སྤྲད། ཟམ་ཆེན་དེར་ཡུཀ་རེན་ཨུ་རུ་སུའི་མངའ་འོག་ཏུ་ཕྱིར་ལེན་བྱ་རྒྱུ་ཡིན་ཟེར་བའི་ནང་དོན་ཆེན་པོ་ཞིག་འདུས་ཡོད། ཕུ་ཊིན་གྱིས་ཨ་སྒོར་དུང་ཕྱུར་༤༠་མ་ཟིན་ཙམ་ཞིག་འགྲོ་གྲོན་བཏང་སྟེ་ཁར་ཆི་ཟམ་ཆེན་བསྐྲུན། ༢༠༡༨་ལོར་ཕུ་ཊིན་རང་གིས་དོས་སྐྱེལ་རླངས་འཁོར་ཞིག་བཏང་ནས་ཟམ་ཆེན་སྒོ་འབྱེད་ཀྱི་མཛོད་ཚོགས། རྒྱལ་སྤྱིའི་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་དེ་ཁྲིམས་འགལ་ཡིན་པ་དང་ཁེ་རེ་མཱི་ཡ་གླིང་ཟུར་ནི་ཨུ་རུ་སུའི་མངའ་ཁོངས་མ་རེད་ཅེས་ཕུ་ཊིན་ལ་ཁ་རྡུང་ཕོག

ཁེ་རེ་མཱི་ཡའི་ཟམ་ཆེན་གཏོར་བའི་རྗེས་སུ་ཨུ་རུ་སུའི་དམག་དཔུང་ལ་མཚོན་ཆ་དང་རྒྱགས་ཆས། སྨན་དང་དམག་དཔུང་ཁ་སྣོན་སོགས་གཏོང་ཐབས་མེད་པ་དང་ཡུཀ་རེན་གྱི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་ལ་ལྡག་ལམ་ཆད། རིང་ཚད་དབྱིན་ལེ་༡༢་ཡོད་པའི་ཁར་ཆི་ཟམ་ཆེན་གྱི་ཕྱོགས་གཅིག་ལྕགས་ལམ་དང་ཕྱོགས་གཅིག་རྒྱ་ལམ་ཡིན་ཞིང་། རྒྱ་ལམ་ཐོག་ཏུ་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་འབར་མདེལ་བཀད་ནས་རྒྱ་ལམ་གཏོར། ལྕགས་ལམ་ཐོག་གི་མེ་འཁོར་གྱི་ཁང་མིག་འགའ་ཞིག་མེར་འཚིགས་ཏེ་སྐྱེལ་འདྲེན་དང་འགྲིམ་འགྲུལ་འགགས། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་སྐབས་དེར་གཙོ་བོ་ཁེ་རེ་མཱི་ཡའི་ཟམ་ཆེན་བརྒྱུད་ནས་དཔུང་ཆེན་དྲངས། ཨ་རིའི་ཡེལ་སློབ་གྲྭ་ཆེན་མོའི་ཨུ་རུ་སུ་དང་ཡུཀ་རེན་གྱི་བྱུང་རབས་ཉམས་ཞིབ་པ་ཤི་ན་ཡེ་ཌར་གྱིས་གཟའ་སྤེན་པའི་ཉིན་ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་ཕོག་པ་ནི་ཨུ་རུ་སུའི་དམག་དོན་འཐབ་ཇུས་ལ་ཇུས་ཉེས་དང་ཕུ་ཊིན་གྱི་དབང་ཐང་ཉམས་ཀྱི་ཡོད་པའི་རྟགས་མཚོན་གསལ་པོ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཟམ་ཆེན་ཇུས་འགོད་པ་ཞིག་གིས་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་ཁེ་རེ་མཱི་ཡའི་ཟམ་ཆེན་དེའི་གཏོར་སྐྱོན་ཕོག་ཡུལ་ཁག་ལ་ཞིག་གསོ་བྱེད་པར་ཟླ་བ་འགའ་ཞིག་འགོར་རྒྱུ་རེད་ཅེས་བཀྲལ། ད་སྔ་ཡུཀ་རེན་གྱིས་ཟམ་ཆེན་དེར་གཏོར་རྒོལ་བྱས་པ་ཡིན་ཞེས་ལན་ཁག་ངོས་ལེན་བྱས་མེད་ཀྱང་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་ཕོག་པར་དགའ་སྟོན་ཚུགས། གཟའ་ཉི་མའི་དགོང་མོར་ཡུཀ་རེན་གྱི་གཞུང་འབྲེལ་ཊོས་ཊར་དྲྭ་ཚིགས་སུ་དབྱིན་སྐད་ཀྱི་ཧམ་འཚིག་ཅེས་འཕྱ་སྨོད་ཀྱི་ཚིག་རྗོད་བཀོད།།

ཨུ་རུ་སུའི་མི་མང་ཇི་སྙེད་ཅིག་གིས་ཟམ་ཆེན་དེ་ཨུ་རུ་སུས་ཁེ་རེ་མཱི་ཡ་གླིང་ཟུར་ལ་དབང་ཤུགས་ཐེབས་ཀྱི་ཡོད་པའི་མཚོན་རྟགས་སུ་རྩི། ཡུཀ་རེན་བ་ཇི་སྙེད་ཅིག་གིས་ཟམ་ཆེན་དེ་ཨུ་རུ་སུའི་བཙན་འཛུལ་གྱི་མཚོན་རྟགས་སུ་རྩི་བཞིན་ཡོད་པར་མ་ཟད། ལོ་འདིའི་ཕྱི་ཟླ་༤་པར་ཡུཀ་རེན་གྱིས་འཕུར་མདེལ་འཕངས་ནས་ཨུ་རུ་སུའི་མོ་སི་ཀ་བྷ་ཞེས་པའི་དམག་གྲུ་ཆེན་མོ་མཚོ་ནང་དུ་བསྣུབས། ད་ལྟ་ཁར་ཆི་ཟམ་ཆེན་གཏོར་བ་ནི་ཨུ་རུ་སུའི་དབང་ཤུགས་ཁེ་རེ་མཱི་ཡར་ཁྱབ་ཡོད་ཟེར་བ་གཏམ་རྒུད་དུ་ཟད་པར་བརྩི་ཆོག་ཅིང་། ཐེངས་རྗེས་མ་དེར་ཨུ་རུ་སུ་བ་ཚོར་ཅི་ཞིག་འབྱུང་རྒྱུ་ཡིན་ནམ་ཞེས་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། གཟའ་སྤེན་པའི་དགོང་མོར་སྲིད་འཛིན་ཛེ་ལན་སི་ཀིའི་གཏམ་བཤད་བྱས་པའི་སྐབས་སུ་ཡུཀ་རེན་གྱི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན། ཁེ་རེ་མཱི་ཡ་གླིང་ཟུར་གཙོས་མ་འོངས་པར་ཡུཀ་རེན་རྒྱལ་ཡོངས་སུ་བཙན་འཛུལ་བ་མེད་པར་འོད་སྟོང་ལྡན་པའི་དུས་སྐབས་ཤིག་འཆར་ངེས་རེད་ཅེས་བསྒྲགས། ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དམག་སྤྱི་མེཀ་མུ་ལན་གྱིས་ཁར་ཆི་ཟམ་ཆེན་གཏོར་བ་ནི་ཨུ་རུ་སུར་ཕམ་ཉེས་ཆེན་པོ་ཞིག་རེད། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་རྒོལ་ལན་སློག་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་དང་ཉེ་ཆར་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་དོགས་འདྲོག་ལངས་འདུག ད་ལྟ་ཕུ་ཊིན་གྲུ་ཁུག་ཏུ་དེད་པའི་སེམས་ཅན་ཞིག་དང་མཚུངས། ཁོ་པ་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་འཇིགས་སྐུལ་དེར་སྣང་ཆུང་གཏོང་མི་ཉན། རྡུལ་ཕྲན་མཚོན་ཆའི་རྒོལ་རྡུང་བྱུང་ན་ང་ཚོས་རྒོལ་ལན་ཇི་ལྟར་སློག་དགོས་མིན་ཐད་བསམ་ཞིབ་བྱ་དགོས་པ་དང་ཞི་བའི་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་དུ་འཇུག་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བསྟན།།

ཟླ་བ་སྔོན་མ་ནས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་དཔུང་ལ་ཕར་རྒོལ་བྱས་ནས་རྒྱལ་ཁ་གཅིག་རྗེས་གཉིས་མཐུད་དུ་བླངས། ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་པ་དང་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་བྱེད་དུ་བཅུག་སྟེ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས། ཁོང་གིས་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་དང་མི་དམངས་ཀྱི་བདེ་འཇགས་ལ་ཐུག་ན་གང་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན། འདི་ནི་ངར་སྐད་བསྒྲགས་པ་ཞིག་མིན་ཟེར། ཨ་རིའི་སྲིད་འཛིན་བྷ་ཌན་ཚུད་པའི་གཞུང་འབྲེལ་མི་སྣ་མང་པོས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་རྟགས་མཚན་མཐོང་མ་བྱུང་། ཡིན་ནའང་ཕུ་ཊིན་ལ་རྡུལ་ཕྲན་མཚོན་ཆ་འཕེན་ཐུབ་པའི་གཅིག་སྡུད་ཀྱི་དབང་ཆ་ཞིག་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཅེས་གླེང་། ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་བྱུང་བའི་རྗེས་སུ་ཨུ་རུ་སུའི་དམག་གིས་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་གྱི་ཛ་པོ་རི་ཤི་ཡ་གྲོང་ཁྱེར་ལ་རྒོལ་རྡུང་བྱས་ནས་མི་༡༧་བསད། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་གཏོར་རྒོལ་དེ་རྣམས་ཡ་ང་བ་དང་མཐའ་གཅིག་ཏུ་གདུག་སེམས། མཐའ་གཅིག་ཏུ་གནག་སེམས་རེད། གཏོར་རྒོལ་བྱ་དགོས་ཞེས་སུས་བཀའ་བཏང་བ་དང་སུས་ལག་ལེན་བསྟར་པ་ཐམས་ཅད་ཀླ་ཀློ་དང་འཇིགས་སྐུལ་རིང་ལུགས་པ་རེད། ཁོ་ཚོས་ཁྲིམས་དང་མི་དམངས་ཀྱི་མདུན་སར་གཏོར་རྒོལ་གྱི་འགན་འཁྲི་ལེན་དགོས་རྒྱུ་ཉག་གཅིག་རེད་ཅེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། ཛ་པོ་རི་ཤི་ཡ་གྲོང་ཁྱེར་གྱི་འགོ་ཁྲིད་ཨ་ན་ཏོ་ལི་ཀུར་ཏེབ་ཀྱིས་མི་༤༠་ལྷག་ལ་རྨས་སྐྱོན་ཕོག་པ་དང་ཁང་ཆེན་ཐོག་བརྩེགས་༥༠་ཅན་ཞིག་ཐལ་བའི་རྡུལ་དུ་བརླགས་སོང་། ཤེས་ཡོན་གྱི་ལྟེ་གནས་༤་དང་མི་མང་སྒེར་གྱི་ཁང་པ་༢༠་ལྷག་ལ་གཏོར་རྒོལ་ཕོག་སོང་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་གཏོར་རྒོལ་དེ་རྣམས་ཀླ་ཀློའི་སྤྱོད་ཚུལ་རེད་ཅེས་ཁ་རྡུང་བཏང་ཡོད་པའི་གནས་ཚུལ་ཐོ་འདུག

ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བརྙན་འཕྲིན་ནང་དུ་ཐོན་ནས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཟམ་ཆེན་ལ་གཏོར་རྒོལ་བྱུང་བར་ལན་པ་བསློགས་ནས་ཡུཀ་རེན་རྒྱལ་ཡོངས་ཀྱི་དམག་སྒར་དང་རྨང་གཞིའི་མཐུན་རྐྱེན་རྣམས་གཏོར་ཡོད། ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཅི་ཞིག་ཕྲད་ཀྱང་དེ་མཚུངས་ཀྱི་རྒོལ་ལན་སློག་རྒྱུ་ཡིན། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོ་འཇིགས་སྐུལ་རིང་ལུགས་པ་ཡིན་པར་གདོན་མི་ཟ་ཞེས་གཏམ་བཤད་བྱས་འདུག གཟའ་ཟླ་བའི་ཉིན་ཨུ་རུ་སུའི་བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས། ཁོ་ཚོས་གྲོས་སྡུར་ཅི་ཞིག་བྱས་མིན་རྣམས་མང་ཚོགས་ལ་ཕྱིར་བསྒྲགས་བྱས་མེད་ཀྱང་ཉམས་ཞིབ་པ་ཚོས་ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་ཕོག་པ་དང་ཨུ་རུ་སུའི་དམག་ལ་ཕམ་ཉེས། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུར་ཕམ་ཉེས་བྱུང་ན་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་དགོས་མིན་སོགས་ལ་གྲོས་སྡུར་བྱས་ཡོད་སྲིད་པའི་ཚོད་དཔག་བྱས་འདུག ཁ་སང་གཟའ་ཉི་མའི་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ང་ཚོས་རྡུལ་ཕྲན་མཚོན་ཆས་རྒོལ་རྡུང་བྱ་རྒྱུ་ཡིན་པའི་དཀྲོག་གཏམ་ཞིག་ཁྱབ་ཀྱི་ཡོད་པར་ཁུངས་ལུངས་མེད་ཅེས་གསར་འགོད་པའི་དྲི་བ་ཞིག་ལ་ལན་བཏབ། ཨུ་རུ་སུའི་གཞུང་གིས་འཕྲལ་དུ་ཁེ་རེ་མཱི་ཡའི་ཟན་ཆེན་གྱི་མེ་འཁོར་ལྕགས་ལམ་འགྲིམ་འགྲུལ་སླར་གསོ་བྱས་ནས་འགོག་རྐྱེན་འཕྲད་ཀྱི་མེད་པའི་རྣམ་འགྱུར་བསྟན། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་ཡུཀ་རེན་ལ་རྒྱལ་ཁ་དང་ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་འབྱུང་གི་ཡོད་པ་རྟགས་ཕྱོགས་ཀུན་ཏུ་མངོན། ཉེ་དུས་ཤིག་ནས་ཉམས་ཞིབ་པ་ཚོས་ཕུ་ཊིན་གྱི་སྲིད་དབང་མཇུག་བསྡུ་གང་འདྲ་ཞིག་འབྱུང་རྒྱུ་ཡིན་མིན་ཐད་གླེང་སློང་བྱ་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG