ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨུ་རུ་སུའི་གནམ་གྲུར་གཏོར་རྒོལ་བྱུང་སྟེ་ཁེ་རེ་མཱི་ཡ་ནས་ཕྱིར་འཐེན།


Rising smoke can be seen from the beach at Saky after explosions were heard from the direction of a Russian military airbase near Novofedorivka, Crimea, Aug. 9, 2022.
Rising smoke can be seen from the beach at Saky after explosions were heard from the direction of a Russian military airbase near Novofedorivka, Crimea, Aug. 9, 2022.

ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཡོད་པའི་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་ཞིག་ཏུ་འབར་མདེལ་བཀད་ནས་གཏོར་སྐྱོན་ཚབས་ཆེན་འཕོག་ཡོད་ཅིང་། ཨུ་རུ་སུའི་དམག་གི་གནམ་གྲུ་དེ་ཚོར་གཏོར་རྒོལ་འཕོག་རྒྱུ་གཡོལ་ཐབས་སུ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་ཁག་ནས་གནམ་གྲུ་མང་པོ་ཞིག་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན།

༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཡོད་པའི་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་ཞིག་ཏུ་འབར་མདེལ་བཀད་ནས་གཏོར་སྐྱོན་ཚབས་ཆེན་འཕོག་གི་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༡༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱིས་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གི་གནམ་གྲུ་དེ་ཚོར་གཏོར་རྒོལ་འཕོག་རྒྱུ་གཡོལ་ཐབས་སུ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་ཁག་ནས་གནམ་གྲུ་མང་པོ་ཞིག་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན། ཁ་སང་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱི་ངོ་དེབ་སྟེང་དུ་ཉེ་ཆར་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་དུ་འབར་མདེལ་བཀད་ནས་བཟུང་། ཉུང་མཐར་ཡང་ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་༢༤་དང་ཐད་འཕུར་གནམ་གྲུ་༡༤་ཁེ་རེ་མཱི་ཡ་ནས་ཕྱིར་འཐེན་བྱས་ཏེ་ཐག་རིང་དུ་འཕུར་འདུག ཕུ་ཊིན་གྱིས་གནམ་གྲུ་དེ་རྣམས་ཡུཀ་རེན་གྱི་ས་ཐོག་ཏུ་འཇོག་མ་ཕོད་པར་ཨུ་རུ་སུའི་ནང་སའི་དམག་གི་གནམ་ཐང་ཁག་ཏུ་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་རེད། བཙན་འཛུལ་བ་ཚོས་ཁེ་རེ་མཱི་ཡ་གླིང་ཟུར་ནས་ཡུཀ་རེན་ལ་གཏོར་རྒོལ་དང་ཨུ་རུ་སུའི་དམག་དཔུང་མདུན་སྐྱོད། དམག་འཁྲུག་གི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱེད་པའི་དམག་དོན་འཐབ་ཇུས་ལ་འགྱུར་བ་བཏང་ནས་གནམ་དམག་གི་ཡོ་བྱད་རྣམས་ཨུ་རུ་སུའི་ས་ཐོག་ཏུ་ཕྱིར་འདྲེན་བྱེད་ཀྱི་འདུག ཨུ་རུ་སུའི་དམག་འཐབ་གནམ་གྲུ་དེ་དག་ནི་སུ་༢༧་དང་སུ་༣༤་རྟགས་ཅན། སུ་༣༥་དང་མཱིག་༣༡་རྟགས་ཅན་གྱི་རིགས་རྣམས་ཡིན་རུང་ཁེ་རེ་མཱི་ཡ་ནས་འཕུར་སྐྱོད་བྱེད་པའི་སྐབས་སུ་མཱིག་༣༡་རྟགས་ཅན་གྱི་གནམ་གྲུ་ཞིག་ལ་མེ་འབར་སོང་ཞེས་འཕྲིན་ཐུང་ཞིག་སྤེལ།།

གཟའ་འཁོར་གསར་འགྱུར་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་དེ་ནས་ཕྱིར་འཐེན་བྱས་པའི་དམག་གི་གནམ་གྲུ་དེ་རྣམས་ཨུ་རུ་སུའི་ཤར་ཕྱོགས་ཀྱི་ཀ་ར་སི་ནོ་བྷ་དམག་གི་གནམ་ཐང་དུ་བབས། གཟའ་འཁོར་སྔོན་མར་ཁེ་རེ་མཱི་ཡའི་ས་ཀི་གནམ་ཐང་དུ་འབར་མདེལ་འགའ་ཞིག་བཀད་ནས་ཨུ་རུ་སུའི་དམག་གི་གནམ་གྲུ་ཁག་ལ་གཏོར་སྐྱོན་བྱུང་བར་མ་ཟད། ཕྱི་ཟླ་༨་པའི་ཚེས་༡༦་ཉིན་ཌི་ཞན་ཀོ་ཡ་རྫོང་གི་ཨུ་རུ་སུའི་དམག་སྒར་ཞིག་གི་ནང་དུའང་འབར་མདེལ་བཀད་པའི་བརྙན་འཕྲིན་རྣམས་དྲྭ་ལམ་དུ་ཁྱབ། ཐོག་མར་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་མདེལ་མཛོད་ཅིག་ལ་མེ་སྐྱོན་ཕོག་ནས་འབར་མདེལ་བཀད་པ་རེད་ཅེས་བཀྲལ། ད་ལྟ་ཨུ་རུ་སུའི་དམག་དོན་མི་སྣ་ཚོས་འབར་མདེལ་བཀད་ཐོར་ཁག་ཅིག་གཏོར་རྒོལ་བྱས་ནས་བྱུང་རེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་གཏོར་རྒོལ་བྱེད་མཁན་སུ་ཡིན་ངོ་ཐག་མ་བཅད། ཡུཀ་རེན་གྱི་གཞུང་གིས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་ཁག་ཏུ་འབར་མདེལ་བཀད་པ་བསམ་བཞིན་གཏོར་རྒོལ་བྱས་ནས་བྱུང་བའམ། ཡང་ན་སྟེས་དབང་གིས་བཀད་པ་ཡིན་མིན་སོགས་ངེས་གཏན་གང་ཡང་བྱེད་ཀྱི་མེད་མོད། འོན་ཀྱང་དམག་དོན་ཉམས་ཞིབ་པ་ཚོས་འཁོར་སྐར་གྱིས་བླངས་པའི་འདྲ་པར་དང་འབར་མདེལ་བཀད་ཤུལ་བཅས་ལ་བརྟག་དཔྱད་བྱས་ནས་འབར་མདེལ་བཀད་ཐོར་དེ་དག་བསམ་བཞིན་གཏོར་རྒོལ་བྱས་པ་ཞིག་རེད་ཅེས་སྡོམ་ཚིག་བརྒྱབ། ཁོ་ཚོས་གཏོར་རྒོལ་དེའི་རྒྱབ་ལོགས་སུ་ཧ་ལམ་ཡུཀ་རེན་ཡོད་པ་འདྲ་ཞེས་དོགས་པ་བསླངས། གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་ཛེ་ལན་སི་ཀིས་བརྙན་འཕྲིན་ནང་དུ་བཙན་འཛུལ་ལ་གྱེན་ལོག་བྱེད་མཁན་ཚོས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་དེར་འབར་མདེལ་སྦས་ནས་གཏོར་རྒོལ་བྱས་པར་བཀའ་དྲིན་ཆེ། ཡུཀ་རེན་གྱིས་ཨུ་རུ་སུས་བཙན་བཟུང་བྱེད་བཞིན་པའི་ས་གནས་ཁག་ལ་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ནས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ་འདིར་ལམ་ལྷོངས་མ་བྱུང་བར་ཇུས་ཉེས་རབ་དང་རིམ་པ་ཞིག་བྱུང་། ལྷག་པར་དུ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཨུ་རུ་སུའི་མཚོ་ནག་དམག་དཔུང་སྡེར་གཏོར་རྒོལ་འཕོག་གི་ཡོད་པས་གཟའ་འཁོར་འདིར་སྲིད་འཛིན་ཕུ་ཊིན་གྱིས་ཡོངས་གྲགས་མེད་པར་མཚོ་ནག་མངའ་ཁུལ་གྱི་དམག་དཔུང་བཀོད་འདོམས་པ་ཨི་གྷོར་ཨོ་སི་པོབ་གནས་དབྱུང་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་མཚོ་ནག་མངའ་ཁུལ་གྱི་དམག་དཔུང་བཀོད་འདོམས་པ་གནས་དབྱུང་བཏང་བ་ནི་ཟླ་བ་དྲུག་ལྷག་འགྲོ་བཞིན་པའི་དམག་འཁྲུག་གི་རིང་འདིར་ཨུ་རུ་སུའི་དམག་དཔོན་གནས་དབྱུང་བཏང་བ་ཆེས་མཐོ་གྲས་ཤིག་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུར་མི་རྒྱུ་གཉིས་ཀྱི་གྱོང་གུད་ཆེན་པོ་འཕོག་གི་ཡོད་པ་དང་དམག་འཁྲུག་ལ་གྲུབ་འབྲས་ཐོན་ཐབས་སུ་ཝིཀ་ཊོར་སོ་ཀོ་ལོབ་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་བསྐོ་བཞག་བྱས་པ་རེད་ཅེས་གནས་ཚུལ་སྤེལ། གསར་འགྱུར་འབྱུང་ཁུངས་གཞན་ཞིག་གིས་ཨུ་རུ་སུས་ཡུཀ་རེན་ལ་དམིགས་བསལ་གྱི་དམག་དོན་ལས་འགུལ་ཞིག་སྤེལ་གྱི་ཡོད་པའི་དུས་སུ་དམག་དཔོན་འཕོ་འགྱུར་བཏང་བའི་གནས་ཚུལ་རྣམས་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་རྒྱུན་ལྡན་ཞིག་རེད་ཅེས་བསྟན། མཚོ་ནག་དཔུང་སྡེ་ནི་ཨུ་རུ་སུའི་མཚོ་དམག་གིས་སྤོབས་ངོམ་བྱ་ཡུལ་དང་དཔུང་སྡེ་དེར་གཡུལ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ལ་མང་པོ་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཕམ་ཉེས་ཆེན་པོ་བྱུང་། དཔེར་ན་ད་ལོའི་ཕྱི་ཟླ་༤་པར་ཨུ་རུ་སུའི་མཚོ་དམག་གི་གཙུག་རྒྱན་ལྟ་བུའི་དམག་གྲུ་མོ་སི་ཀ་བྷར་ཡུཀ་རེན་གྱིས་གཏོར་རྒོལ་བྱས་ནས་མཚོ་ནང་དུ་བསྣུབས།།

ཕྱི་ཟླ་༨་པའི་ཚེས་༡༦་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཌི་ཞན་ཀོ་ཡེ་རྫོང་གི་མ་ཡེ་སི་ཀེ་གྲོང་གསེབ་ཀྱི་མདེལ་མཛོད་ཅིག་གི་ནང་དུ་འབར་མདེལ་བཀད་ནས་གློག་སྐུད་བཅད། གློག་ཁང་དང་ཉེ་འཁོར་གྱི་མི་མང་གནས་སྡོད་བྱ་ཡུལ་ཁང་ཆེན་ཁག་ལ་གཏོར་བཤིག་ཕོག ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་འབར་གས་དེ་རྣམས་གཏོར་རྒོལ་བྱས་ནས་བྱུང་བ་ཞིག་ལ་ངོས་བཟུང་། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་མཚོ་ནག་མངའ་ཁུལ་གྱི་དཔུང་སྡེས་རྒྱང་སྙོབ་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་ལ་གཏོར་རྒོལ་དང་ཨུ་རུ་སུའི་སྐམ་དམག་གི་དཔུང་འཇུག་ལ་རྒྱབ་གནོན་བྱེད་ཀྱི་འདུག དེང་སྐབས་མཚོ་ནག་དཔུང་སྡེས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་ལ་རྒྱབ་སྐྱོར་བྱ་རྒྱུ་དེར་ནུས་པ་མ་ཐོན། ཨུ་རུ་སུའི་མོ་སི་ཀ་བྷ་དམག་གྲུར་གཏོར་རྒོལ་ཕོག་པ་གཅིག་པུས་ཨ་སྒོར་དུང་ཕྱུར་༧་དང་ཕྱེད་ཀའི་གྱོང་གུད་དང་མཚོ་དམག་༢༥༠་ལྷག་གི་ཚེ་སྲོག་ཤོར། ད་ཐེངས་ཀྱི་དམག་འཁྲུག་གིས་ཨུ་རུ་སུའི་དམག་འཐབ་གནམ་གྲུ་དང་དམག་གྲུ། ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་འཐབ་འཁོར་གསར་པ་ཕལ་ཆེ་རྩ་གཏོར་སོང་སྟེ་ཨུ་རུ་སུས་དམག་འཐབ་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ་རྙིང་པ། ཨི་རན་ནས་ཁ་ལོ་བ་མེད་པའི་འཐབ་གྲུ་མངགས་ཉོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཁ་སྔོན་ཕྱི་ཟླ་༦་པའི་ནང་དུ་དུག་སྦྲུལ་གླིང་ཕྲན་ནས་ཨུ་རུ་སུའི་དམག་དཔུང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་སྐབས་དེར་ཡུཀ་རེན་གྱིས་འཕུར་མདེལ་འཕངས་ནས་ཨུ་རུ་སུའི་དམག་གྲུ་དེ་གཏོར་ཏེ་མཚོ་ནང་དུ་བསྣུབས། ཟླ་མཇུག་དེར་ཡུཀ་རེན་གྱི་དམག་གིས་དུག་སྦྲུལ་གླིང་ཕྲན་བཙན་བཟུང་བྱེད་མཁན་ཨུ་རུ་སུའི་དམག་དཔུང་རྣམས་མཐར་བསྐྲད།།

ཨ་རིའི་ཁེ་ནེ་ཊི་ཀེ་ཊིའི་ཝེ་སི་ལི་ཡན་སློབ་གྲྭ་ཆེན་མོའི་ཨུ་རུ་སུ་དང་ཤར་ཡུ་རོབ། ཡུ་རེ་ཤི་ཡ་ཞིབ་འཇུག་ཁང་གི་སློབ་དཔོན་ཕི་ཊར་རུ་ཊི་ལན་ཌེས་བཤད་པ་ལྟར་ན། ཨུ་རུ་སུར་སྟོབས་འབྱོར་དང་ཚན་རིག་ལག་རྩལ། མཚོན་ཆ་སོགས་ཡག་ག་དང་མང་བ་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་གྲུབ་འབྲས་ཆེན་པོ་ཞིག་ཐོན་མ་སོང་། དེའི་རྒྱུ་མཚན་ནི་ཨུ་རུ་སུའི་གནམ་དམག་གིས་གཏན་ནས་མཁའ་དབྱིངས་ལ་དབང་བསྒྱུར་བྱེད་ཐུབ་ཀྱི་མེད་པ་དང་མཁའ་དབྱིངས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་སྟབས་ཀྱིས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་ལ་གཏོར་རྒོལ་འཕོག་གི་ཡོད་པ་རེད། དེར་བརྟེན་ཨུ་རུ་སུའི་མཚོ་དམག་རྣམས་ཡུཀ་རེན་གྱི་ས་མཚམས་སུ་བར་ཐག་ཉེ་སར་བཅར་ནས་དམག་འཁྲུག་ལ་ཞུགས་དཀའ། ད་དུང་ཡང་ཨུ་རུ་སུས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཤར་ཕྱོགས་ཀྱི་མདུན་ས་ཁག་ཏུ་ལག་ལེན་བསྟར་པའི་འཐབ་ཇུས་རྣམས་ལག་ལེན་བསྟར་གྱི་ཡོད་པ་གསལ་པོ་རེད། ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གི་ནུས་པ་རྣམས་གཅིག་ཏུ་སྤུང་ཐུབ་ཀྱི་མི་འདུག ཕུ་ཊིན་གྱིས་མཚོ་ནག་དཔུང་སྡེ་བཏང་སྟེ་ཡུཀ་རེན་གྱི་ཨ་ཛོབ་རྒྱ་མཚོ་བླངས། དེའི་རྗེས་སུ་ཨུ་རུ་སུའི་སྐམ་ས་དང་ཨ་ཛོབ་རྒྱ་མཚོ་གཉིས་མཐུད་དེ་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་ས་གནས་ཤིག་བཟུང་། ཡུཀ་རེན་གྱི་མཚོ་ལམ་འགགས་ནས་ཨ་ཛོབ་རྒྱ་མཚོ་བརྒྱུད་དེ་འབྲུ་རིགས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྣམས་མཚམས་ཆད། ཡིན་ནའང་ཡུཀ་རེན་གྱིས་ཁེ་རེ་མཱི་ཡ་གླིང་ཟུར་དུ་ཆགས་པའི་ཨུ་རུ་སུའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་ནས་སྡོད་བཟོད་མ་བདེ་བར་གྱུར་ཚེ། ཕུ་ཊིན་གྱིས་ཟླ་ཤས་གོང་དུ་ཡུཀ་རེན་གྱི་མ་རི་ཨུ་པུལ་དང་བྷར་ཌི་ཡན་སི་ཀི་ནས་ཨ་ཛོབ་རྒྱ་མཚོའི་བར་དུ་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་གྲུ་ཁ་རྣམས་བརྟན་རྒྱུ་ཡིན་མིན་ཡང་ངེས་གཏན་བྲལ། ཉམས་ཞིབ་པ་ཚོས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནམ་ཐང་དེར་འབར་མདེལ་གས་ཐོར་བའམ། ཡང་ན་གཏོར་རྒོལ་བྱས་པ་སོགས་ཅི་ཞིག་ཡིན་རུང་ཡུཀ་རེན་ལ་ཕར་རྒོལ་གྱི་ནུས་པ་ཡོད་པ་ར་འཕྲོད་པ་རེད། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཁོ་སྤྲོད་བྱས་པའི་མཚོན་ཆ་དེ་དག་གིས་དམག་འཁྲུག་གི་ཁ་ཕྱོགས་སྒྱུར་གྱི་ཡོད་པ་ཤིན་ཏུ་གསལ། ཕུ་ཊིན་གྱིས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་འགལ་ཟླ་བྱུང་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་ཆད་རྒྱུའི་རེ་ལྟོས་འཆང་གི་ཡོད་ཀྱང་དེ་ལྟར་འབྱུང་རྒྱུ་ཡིན་མིན་ནི་བཤད་དཀའ་བ་ཞིག་རེད་ཅེས་ལྟ་ཚུལ་བརྗོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG