ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་པ་སློབ་ཕྲུག་གཉིས་རྒྱ་གཞུང་གིས་འཛིན་བཟུང་།


༄༅།། བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་ཐང་རྫོང་གི་བོད་པ་སློབ་ཕྲུག་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་ཕྱིན་ཀྱང་སློབ་ཕྲུག་དེ་དག་གང་དུ་ཡོད་མེད་ཤེས་རྟོགས་མ་ཐུབ།། འདི་གའི་གསར་འགོད་པར་བོད་ནང་གི་མིང་དངོས་སུ་བརྗོད་འདོད་མེད་པའི་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཐང་རྫོང་གི་བོད་པ་ན་གཞོན་བློ་ལྡན་ཟེར་བ་ཞིག་དང་ཤེས་རབ་ཟེར་བ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་སོང་། ཁོ་ཚོ་༢༠༢༡་ལོའི་ཕྱི་ཟླ་༡༡་ཚེས་༢༠་ཡས་མས་སུ་བོད་ཀྱི་རྒྱལ་ས་ལྷ་ས་ནས་དཀར་མཛེས་སུ་བསྐྱོད། དཀར་མཛེས་ནས་ཕུན་ཚོགས་དགོན་དུ་བསྐྱོད་པའི་སྐབས་སུ་འཛིན་བཟུང་བྱས་ཏེ་རྒྱལ་ཐང་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་པ་རེད། ད་ལྟའི་བར་དུ་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་བོད་པ་ན་གཞོན་དེ་དག་གང་དུ་ཡོད་མེད། ཁོ་ཚོ་བདེ་ཐང་ཡིན་མིན་གྱི་གནས་སྟངས་སོགས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག དེར་བརྟེན་ན་གཞོན་དེ་དག་གི་བཟའ་མི་ཉེ་འབྲེལ་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག བློ་ལྡན་དང་ཤེས་རབ་གཉིས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོར་སྨན་ཞབས་ཀྱི་ཆེད་ལས་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། ཁོ་ཚོ་འཛིན་བཟུང་བྱས་པའི་རྒྱུ་མཚན་ཅི་ཡིན་རྒྱ་ནག་གི་ཉེན་རྟོག་པས་གསལ་བཤད་བྱས་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། བློ་ལྡན་ནི་ཡང་ཐང་སྡེ་པ་ནས་ཡིན་པ་དང་ཕ་མིང་ལ་ཀརྨ་དོན་གྲུབ། མ་མིང་ལ་སྒྲོལ་མ་རིན་ཆེན་ཟེར་བ་དང་ཁོ་པ་སྤུན་མཆེད་བུ་གསུམ་ཡོད་པའི་གྲས་ཀྱི་ཆེ་ཤོས་དེ་རེད། ད་ལྟ་ལོ་ན་༢༣་ཡས་མས་སུ་སོན། ཤེས་རབ་ནི་ཐེག་ཆེན་སྡེ་པ་ནས་ཡིན་པ་དང་ཕ་མིང་ལ་དོན་བཀྲ་དང་མ་མིང་ལ་དབང་མོ་ཟེར་། ཤེས་རབ་དང་བློ་ལྡན་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ངོ་མ་རེད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པ་མང་པོ་ཞིག་འགྲེལ་བཤད་སོགས་ཅི་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་དང་བཀག་ཉར་བྱེད་ཀྱི་ཡོད་པར་མ་ཟད། བཟའ་མི་ཚོས་ཤེས་རྟོགས་བྱུང་བའི་དུས་སུ་ནག་ཉེས་བཀལ་ནས་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཟིན་པའི་བརྡ་ཙམ་ལས་དྲང་བདེན་གྱི་ཁྲིམས་བཤེར་དང་དྲང་བདེན་གྱི་གནས་ལུགས་བཤད་ས་ཞིག་མེད་པ་རེད། ཐ་ན་བཟའ་མི་སྤུན་མཆེད་ཚོར་ཐུག་འཕྲད་ཀྱི་གོ་སྐབས་ཙམ་ཡང་སྤྲོད་ཀྱི་མི་འདུག་ཅེས་བརྗོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG