ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༢/༠༦

རྒྱ་ནག་ལ་ནད་དུག་ཁྱབ་སྟེ་སྨན་ཁང་དང་ཛ་དྲག་གི་སྨན་བཅོས་བྱ་ཡུལ་རྒྱ་སྐྱེད། 


༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པར་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་དང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་ཕྱིན་པའི་རྗེས་སུ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱ་རྒྱུ་མཚམས་བཞག ད་ལྟ་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་ཕྱིན་ཏེ་རྒྱ་ནག་གཞུང་གིས་སྨན་ཁང་དང་ཛ་དྲག་གི་སྨན་བཅོས་བྱ་ཡུལ་རྒྱ་སྐྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྱ་དགོས་ཞེས་སྒྲོགས་ཀྱི་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་གཞུང་གིས་ནད་དུག་འགོས་པའི་མི་རྣམས་ཟུར་འགོག་དང་འགྲིམ་འགྲུལ་བཀག་སྡོམ་གྱི་སྲིད་ཇུས་རྣམས་མཚམས་འཇོག་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་བློན་ཆེན་རྣམས་ཚོགས་འདུར་བསྐོངས་ཏེ་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ཏུ་ལས་བྱེད་པ་མང་དུ་བཏང་སྟེ་ནད་ཡམས་ལ་འཐབ་རྒོལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས། ཚ་འཇོམས་སྨན་དང་ཟུག་གཅོག་སྨན་སོགས་འདང་ངེས་ཤིག་གྲ་སྒྲིག་བྱོས། ས་གནས་ཁག་གི་འགོ་ཁྲིད་ཚོས་རང་གི་མངའ་ཁུལ་དེའི་མང་ཚོགས་ཀྱི་བདེ་ཐང་ལ་དོ་ཁུར་ལེན་དགོས། ལྷག་པར་དུ་ལོ་ན་༦༥་ཡན་ཆད་དུ་སོན་པའི་རྒན་རྒོན་རྣམས་ཀྱི་ཐང་བདེ་ལ་དོ་ཁུར་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག བདུན་ཕྲག་སྔོན་མ་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་གདམ་ཀ་མེད་པར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་སྒྲིག་ཁྲིམས་དེ་ལག་ལེན་བསྟར་རྒྱུ་མཚམས་བཞག་ནས་བཟུང་། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཅི་ཙམ་འཐོན་གྱི་ཡོད་མེད་ཚོད་དཔག་མ་ཐུབ། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱལ་ཡོངས་ཀྱི་སློབ་གྲྭ་དང་ཟ་ཁང་། ཚོང་ཁང་སོགས་སྒོ་རྒྱག་གི་ཡོད་པ་ཇི་སྙེད་ཅིག་འབྱུང་གི་འདུག་ཅེས་གནས་ཚུལ་ཐོན། པེ་ཅིང་གི་རུན་ཧྥེང་ཧྲུའི་ཧྲང་གྲོང་གླིང་གི་ནད་དུག་བརྟག་དཔྱད་ས་ཚིགས་ཀྱི་ལས་བྱེད་པ་ཚང་མར་ནད་དུག་འགོས་ནས་ས་ཚིགས་དེ་སྒོ་བརྒྱབ། ས་གནས་དེའི་གཞུང་གི་འགོ་ཁྲིད་ཚོས་གྲོང་གླིང་དེའི་མི་མང་གི་བཟོད་སྒོམ་བྱ་དགོས་ཞེས་དྲྭ་ལམ་དུ་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྨན་ཁང་ཁག་གི་ཕྱི་ལོགས་སུ་མི་དམངས་ཚ་བ་འཕར་ཡོད་པ་ཧ་ཅང་མང་པོ་བང་བསྒྲིགས་ནས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུར་སྒུག་ཡོད་པའི་འདྲ་པར་རྣམས་ཐོན། དེ་ནི་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་པའི་རྟགས་སུ་མངོན། རྒྱ་ནག་གིས་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཁྲེགས་པོ་ཞིག་ལག་ལེན་བསྟར་ཀྱང་ཁུངས་མ་འཁྱོལ། ཕྱི་ཟླ་༡༡་པའི་ཚེས་༡༡་ནས་རྒྱ་ནག་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་རྗེས་སུ་འབྲངས་ཏེ་ཏོག་དབྱིབས་ནད་དུག་ཁྱབ་ཞོར་དང་སྨན་བཅོས་བྱ་ཞོར། མི་དམངས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱ་དགོས་པའི་ཐག་བཅད། ཨ་མི་རི་ཀ་དང་ཡུ་རོབ། རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་གི་སྤྱི་དམངས་ལ་འགོག་ཁབ་བརྒྱབ་ནས་ནད་དུག་ཁྱབ་གདལ་འགོག་ཐུབ་པ་ཞིག་ཏུ་གྱུར། རྒྱ་ནག་གིས་སྒོ་རྒྱ་བསྡམས་པ་དང་ནད་པ་རྣམས་ཟུར་འགོག་བྱས་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བསྟེན། རྒྱ་ནག་ལ་ཨ་རི་དང་ཡུ་རོབ། རྒྱ་གར་ལྟར་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་པའི་སྨན་ཁབ་ནུས་ལྡན་ཞིག་མེད་ཀྱང་ཞིས་ཅིན་ཕིང་གིས་ཕྱི་རྒྱལ་ནས་སྨན་ཁབ་ནང་འདྲེན་བྱ་རྒྱུར་སྦམ་བཟུང་། རྒྱ་ནག་མི་དམངས་དུང་ཕྱུར་༡༤་ལ་ཏོག་དབྱིབས་ནད་དུག་འགོས་ན་རྒྱ་ནག་གི་འཕྲོད་བསྟེན་ལམ་ལུགས་སྦོ་ལུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་བཟོ་གྲྭ་ཞིག་གི་བཟོ་པ་ལི་ལི་ཞེས་པའི་རྒྱ་མོ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོའི་བཟོ་གྲྭའི་ལས་བྱེད་པ་འགའ་ཞིག་དང་དངོས་ཟོག་བགོ་འགྲེམ་ཚན་པའི་ལས་བྱེད་པ། ད་དུང་བཟོ་པ་མང་པོར་ཏོག་དབྱིབས་ནད་དུག་འགོས་ནས་ཁྱིམ་དུ་ཟུར་དུ་བཀག མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་འགོག་ཐུབ་རྒྱུའི་རེ་ལྟོས་འཆང་གི་མེད་པ་དང་འཚང་ཁ་བརྒྱབ་ནས་ཚ་འཇོམས་དང་ཟུག་གཅོག་སྨན་ཉོ་ཡི་འདུག ང་ཚོས་རང་ལ་ནམ་ཞིག་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད་ཅེས་བཤད། གཟའ་ཟླ་བའི་ཉིན་པེ་ཅིང་གི་ཁྲའོ་དབྱང་ས་ཁུལ་གྱི་སྨན་ཁང་གཅིག་གི་སྒྲོ་འགྲམ་དུ་ནད་པ་༨༠་ཡས་མས་ཤིག་དགུན་གྱི་གྲང་ངར་ཁྲོད་དུ་སྒུག་ཡོད་པ་དང་རྒྱ་ལམ་ནང་དུ་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་རྣམས་མཚམས་ཚིགས་མེད་པར་བརྒྱུགས། པེ་ཅིང་གྲོང་ཁྱེར་གཞུང་གི་ལས་སྣེ་ཞིག་གིས་དེ་རིང་གཅིག་པུར་སྨན་ཁང་ཁག་ལ་བསྟེན་གཏུག་བྱེད་མཁན་མི་༢༢༠༠༠་བྱུང་སོང་། འདི་ནི་བདུན་ཕྲག་སྔོན་མ་དང་བསྡུར་ན་ནད་པའི་གྲངས་འབོར་ལྡབ་༡༦་འཕར་སོང་ཞེས་བསྟན། གཟའ་ཟླ་བའི་ཉིན་ལོ་གསུམ་གྱི་གོང་དུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་ཡུལ་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཁག་གི་ཕྱི་ལོགས་སུའང་པེ་ཅིང་ལྟར་ནད་པ་རྣམས་བང་བསྒྲིགས་ནས་སྒུག་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་གཞུང་གཉེར་ཧྲང་ཧེ་དངུལ་རྩའི་ཚགས་པར་གྱིས་ཀྲང་ཝེན་ཧུང་ཞེས་པའི་འཕྲོད་བསྟེན་ཆེད་ལས་མཁས་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ནས་ཟླ་བ་གཅིག་གི་ནང་ཚུད་དུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་སྒང་དེར་སླེབས་ས་རེད། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་བཞིན་པ་མགོ་འཇོམས་པར་ཟླ་བ་གསུམ་ནས་ཟླ་བ་དྲུག་ཡས་མས་ཤིག་འགོ་ས་རེད། ད་ལྟའི་ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ལ་ཡུན་རིང་གི་གནོད་སྐྱོན་མི་འདུག ང་ཚོ་མུན་ནག་གི་ཕུག་ལམ་ཁོག་ནས་ཕྱི་ལ་ཐར་ཏེ་མཁའ་དབུགས་གཙང་མ་རྔུབ་ཐུབ་པ་དང་ཉི་འོད་ཀྱི་དྲོད་མྱོང་ཐུབ་པ། རང་དབང་གི་སྒོ་ནས་འགྲིམ་འགྲུལ་བྱེད་ཐུབ་པའི་དུས་སྐབས་དེ་འཆར་གྲབས་འདུག་ཅེས་སྐད་འཕྲིན་ནང་དུ་འཕྲིན་ཐུང་ཞིག་སྤེལ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་མི་༡༠༨༡༥་ལ་ཏོག་དབྱིབས་ནད་དུག་འགོས་འདུག དེ་དག་གི་གྲས་སུ་ནད་རྟགས་མ་ཐོན་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༨༤༧༧་ཡོད་པ་རྣམས་ཀྱང་ཚུད་ཡོད། བདུན་ཕྲག་སྔོན་མར་ཉིན་ལྟར་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༠༠༠༠་རེ་ཐོན། རྒྱ་ནག་ནུབ་ཕྱོགས་ཀྱི་ཧྲན་ཤི་ཞིང་ཆེན་གྱི་སྨན་ཁང་ཁག་གིས་ནད་པ་སྙལ་ས་མལ་ཁྲི་༢༢༠༠༠་ཟུར་དུ་བཞག་སྟེ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དུ་འགྲོ་སྲིད་པའི་གྲ་སྒྲིག་གི་ལས་སུ་བྲེལ། ཧྲན་ཤི་ཞིང་ཆེན་གཞུང་གིས་ཛ་དྲག་གི་ནད་པ་ཚོར་སྨན་བཅོས་བྱེད་ཐུབ་པའི་ནུས་པ་བརྒྱ་ཆ་༢༠་ཐམ་པ་མང་དུ་བཏང་ཡོད་པའི་གནས་ཚུལ་ཐོན། ཧྲན་ཤི་ཞིང་ཆེན་གཞུང་གི་འཕྲོད་བསྟེན་འགན་འཛིན་ཡུན་ཁྲུན་ཧྥུས་སྨན་ཁང་ཁག་གིས་ཛ་དྲག་གི་ནད་པ་ཚོར་སྨན་བཅོས་བྱེད་ཐུབ་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་ཁག་གིས་སྨན་ཁང་རེ་རེ་ངེས་པར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱ་ཡུལ་ཟུར་དུ་འཇོག་དགོས་པའི་བཀོད་ཁྱབ་བཏང་བ་རེད་ཅེས་ཧྲན་ཤི་ཚགས་པར་ཁང་གིས་ཡུན་ཁྲུན་ཧྥུའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ། ཁ་སྔོན་གཟའ་པ་སངས་ཉིན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་སྡེ་ཚན་གྱི་འགན་འཛིན་ཅའོ་ཡ་ཧུས་རྒྱལ་ཡོངས་སུ་ཛ་དྲག་གི་ནད་པ་སྙལ་ས་མལ་ཁྲི་༡༣༨༠༠༠་ཡོད་ཅེས་བསྒྲགས། དེས་ན་རྒྱ་ནག་གི་མི་གྲངས་༡༠༠༠༠་རེར་ཛ་དྲག་གི་སྨན་བཅོས་བྱ་ཡུལ་གཅིག་ལས་མི་ཐེམས། རྒྱ་ནག་གི་པེ་ཅིང་དང་ཧྲང་ཧེ་སོགས་ལ་ཛ་དྲག་གི་སྨན་བཅོས་བྱ་ཡུལ་དང་སྨན་ཁང་། སྨན་དང་ཁབ་སོགས་འབེལ་ལྷུག་ཡོད་ཀྱང་ས་གནས་གཞན་ལ་ཛ་དྲག་གི་སྨན་བཅོས་བྱ་ཡུལ་དང་སྨན་ཁང་། སྨན་དང་ཁབ་སོགས་མཁོ་ངེས་ཀྱི་མཐུན་རྐྱེན་རྣམས་འདྲ་མཉམ་ཞིག་ཐེམས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གཟའ་ཟླ་བའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མི་དམངས་ཀྱི་ལག་ཐོགས་ཁ་པར་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་པའི་བཀོལ་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་ཡོད་པ་མཚམས་འཇོག་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ། སྔོན་ཆད་རྒྱ་ནག་གཞུང་གིས་མི་དམངས་ཀྱི་ལག་ཐོགས་ཁ་པར་ནང་དུ་ཕབ་ལེན་བྱེད་དུ་བཅུག་པའི་བཀོལ་ཆས་དེ་བརྒྱུད་ནས་མི་དེ་ཚོ་ཉི་མ་༡༤་ལ་གང་དུ་ཕྱིན་ཡོད་མེད། ཁོ་ཚོ་བརྒྱུད་ནས་མི་སུ་སུ་ལ་ནད་དུག་འགོས་ཡོད་མེད་རྩད་བཅད། ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གྲོང་ཁྱེར་དང་ས་གནས་ཁག་ཏུ་བསྐྱོད་པའི་མི་རྣམས་རང་གནས་སུ་ཕྱིར་ལོག་བྱེད་དུ་མ་བཅུག་པར་བཀག་པ་སོགས་ཀྱི་གནས་ཚུལ་བྱུང་། དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཚོགས་པའི་རྒྱ་ནག་གི་བློན་ཆེན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ས་གནས་ཚང་མར་ཛ་དྲག་གི་སྨན་བཅོས་བྱ་ཡུལ་དང་སྨན་ཁང་། སྨན་དང་ཁབ་རྣམས་བགྲོ་བཤའ་འདྲ་མཉམ་ཞིག་རྒྱག་དགོས་ཞེས་ནན་གྱིས་བསྐུལ། པེ་ཅིང་གི་ཏུང་ཁྲེང་ས་གནས་གཞུང་གིས་རྫོང་དེའི་ལས་བྱེད་པ་ཕལ་མོ་ཆེར་ནད་དུག་འགོས་འདུག མི་མང་རྣམས་གང་ཐུབ་ཀྱིས་ཕྱི་ལ་བསྐྱོད་མི་དགོས་པ་གཙོ་འདོན་བྱ་དགོས། རང་གི་བདེ་ཐང་ལ་རང་གིས་འགན་འཁྲི་ལེན་དགོས་པ་དང་ང་ཚོས་མཉམ་དུ་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱ་དགོས་ཞེས་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་ཁྱབ་བཏང་འདུག རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱས་པའི་རྗེས་སུ་མི་དམངས་རྣམས་རང་འགུལ་གྱིས་མི་ཚོགས་ཁྲོད་དུ་མི་འགྲོ་བ་དང་ཟ་ཁང་སོགས་ལ་མི་འགྲོ་བར་ཁྱིམ་དུ་འདུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG