ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གཞུང་གིས་ནད་ཡམས་སྔོན་འགོག་སྐོར་ལ་གསར་དུ་དོན་ཚན་བཅུ་ཞེས་པ་ཞིག་བཏོན་པ། 


ཧོང་ཀོང་དང་རྒྱ་ནག་ཏུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་རིམ་བཞིན་མར་ཞི་འཇམ་གྱི་རྣམ་པ་ཞིག་ཆགས་བཞིན་པའི་སྐབས་དང་བསྟུན་ནས། རྒྱ་ནག་དམར་ཤོག་དབང་འཛིན་པས། སྤྱི་ཟླ་༡༢ པའི་ཚེས་༦ ཉིན་ལ་དོན་ཚན་གསར་པ་བཅུ་ཞེས་པ་ཞིག་འདོན་སྤེལ་གྱིས། ནད་ཡམས་སྔོན་འགོག་གི་བྱེད་ཐབས་སྤྱི་དང་བྱེ་བྲག་ལ་བཅོས་བསྒྱུར་སྔར་ལས་ལྷག་པ་ཞིག་བྱ་འཆར་ཡོད་པ་སྟེ། གཅིག་ནས་ནད་ཡམས་ཡོད་མེད་བརྟག་དཔྱད་བྱེད་པའི་ཁྱབ་ཁོངས་ཆུང་དུ་གཏང་རྒྱུ་དང་། གཉིས་ནས་ནད་པ་མང་ཆེ་བ་སོ་སོའི་ཁྱིམ་ནས་ཟུར་བཀག་ཆོག་པ་བྱ་རྒྱུ་བཅས་ཡིན་པ་རེད། འཛིན་སྐྱོང་གི་ངོས་ནས་ཡོངས་སུ་ལྷོད་གཏོང་གིས་དོ་དམ་མི་བྱེད་པ་མ་ཡིན་པར། ནད་ཡམས་མ་བྱུང་གོང་གི་རྒྱུན་ལྡན་གྱི་འཚོ་བའི་རྣམ་པ་བསྐྱར་གསོ་ཡོང་བར་གྲ་སྒྲིག་ལེགས་པོ་བྱེད་བཞིན་པ་ཡིན། ཞེས་རྒྱ་ནག་གི་འཕྲོད་བསྟེན་དཔོན་རིགས་ཚོས་ནན་བརྗོད་བྱས་ཤིང་། གནད་དོན་དབྱེ་ཞིབ་པས་ད་ལན་གྱི་བཅོས་བསྒྱུར་དེ་བཞིན་མཁས་སྙན་ཇི་ལྟར་བཤད་ཀྱང་། དོན་དམ་ལ་ད་ཕན་གཉེར་བའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པ་དང་གཅིག་མཚུངས་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གི་ནད་ཡམས་སྔོན་འགོག་མཉམ་འབྲེལ་ལས་ཁུངས་ཀྱིས་སྤྱི་ཟླ་༡༢ པའི་ཚེས་༧ ཉིན་ནད་ཡམས་སྔོན་འགོག་བྱེད་ཐབས་ལེགས་བཅོས་ཀྱི་དོན་ཚན་གསར་པ་བཅུ་ཐམ་པ་ཞེས་པ་ཞིག་སྤེལ་ཞིང་། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱི་ཆེད་མཁས་པ་ལང་ཝན་ཉཱན་གྱིས་གསར་འགོད་ལྷན་ཚོགས་སུ། མིག་སྔར་ཨོ་མི་ཁེ་རོང་ཞེས་པའི་ངོ་བོ་གཞན་འགྱུར་གྱིས་ནད་དུག་གི་ནུས་པ་ཆུང་དུ་ཕྱིན་ཡོད་པ་དང་། ནད་ཡམས་སྔོན་འགོག་གི་སྲིད་ཇུས་ལྷོད་གཏོང་བྱེད་དོན་ནི་ནད་དུག་རང་གི་ངོ་བོར་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་ཡིན་པ་ལས་གནོན་ཤུགས་གཞན་ནས་བྱུང་བ་མིན་ཚུལ་གྱི་འགྲེལ་བརྗོད་བྱས་ཡོད་ཅིང་། ད་ཐེངས་ཀྱི་ལེགས་བཅོས་དེ་བཞིན་ཡོངས་སུ་ལྷོད་གཏོང་བྱས་པ་དང་། སྔོན་འགོག་གི་ལས་དོན་ཁག་རྩིས་མེད་བཏང་བ་མ་ཡིན་པར། འདུ་ཤེས་ཡོད་པའི་སྒོ་ནས་མ་སྐུལ་དང་ལེན་གྱིས་ལེགས་བཅོས་གཏོང་གཞིན་ཡོད་པ་ལས། རྐྱེན་ཅི་རིགས་ལ་བརྟེན་ནས་གཞན་དབང་གིས་བཅོས་བསྒྱུར་མ་བཏང་རང་བཏང་ཆགས་པ་ཞིག་མ་ཡིན་ཞེས་དང་། ཁོས་ད་དུང་མུ་མཐུད་ནས་འགྲེལ་བཤད་བྱས་དོན་ལ། ནད་དུག་གི་ནུས་པ་མངོན་སུམ་དུ་ཆུང་དུ་ཕྱིན་འདུག་ཅིང་། མི་དམངས་ཀྱིས་འགོག་ཁབ་བརྒྱབ་པའི་ཚད་ཀྱང་བརྒྱ་ཆ་༩༠ ཡི་ཡན་ལ་བརྒལ་ཟིན་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་གོ་རྟོགས་དང་བདེ་ཐང་གི་བློ་སྦྱོང་ཡང་སྔར་ལས་ལྷག་པ་ཡར་རྒྱས་ཆགས་ཡོད་ཚུལ་སོགས་བརྗོད་འདུག

ཟུར་བཀག་གི་བྱེད་ཐབས་ལེགས་བཅོས་གཏང་རྒྱུ་ཐེ་བའི་དོན་ཚན་གསར་པ་བཅུ་ཐམ་པ་ཞེས་པ་ནི། ནད་རྟགས་མངོན་གསལ་མེད་པའི་ནད་པ་དང་། ན་ཚ་ལྕི་མོ་མ་ཡིན་པའི་ནད་པ་གཉིས་སོ་སོའི་ཁྱིམ་དུ་ཟུར་བཀག་བྱས་ན་འཐུས་རྒྱུ་དང་། ཉིན་དྲུག་ནས་བདུན་རྗེས་སུ་ནད་ཡམས་ཡོད་མེད་བརྟག་དཔྱད་ཀྱིས་ཚད་གཞི་CTཡི་ཨང་གྲངས་༣༥ དང་གཅིག་པ་ཆགས་ཡོད་ཚེ་ཟུར་བཀག་གྲོལ་ཆོག་པ་དང་། ནད་པ་དང་འབྲེལ་འདྲིས་བྱས་མྱོང་པ་ཚོ་ཡང་རང་རང་གི་ཁྱིམ་ནས་ཟུར་བཀག་བྱེད་འཐུས་བྱ་རྒྱུ་བཅས་སོ།

རྒྱ་ནག་གི་རྒྱ་གྲམ་དམར་པོའི་ཐེབས་རྩའི་འཕྲོད་བསྟེན་ལྟ་སྐྱོང་རོགས་རམ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་རེན་རུས་ཧོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། རྒྱ་ནག་གི་དབུས་སའི་འཛིན་སྐྱོང་སྡེ་ཚན་ཚང་མའི་ངོས་ནས་འདས་པའི་ལོ་ངོ་གསུམ་རིང་གི་བཙན་པོ་དབང་ཡོད་བཏང་ནས་ཟུར་བཀག་བྱེད་པའི་སྲིད་ཇུས་སྤེལ་བ་དེར་གུན་གསབ་རིན་དོད་ཆེན་པོ་ཞིག་སྤྲོད་དགོས་པ་ཆགས་ཀྱི་རེད། ཅེས་དང་། ལོ་གསུམ་རིང་གི་གཞི་ཁྱོན་ཆེ་པོའི་སྒོ་ནས་ཟུར་བཀག་བྱས་པ་དེར། དཔལ་འབྱོར་གྱི་ཐོག་ནས་གུན་གསབ་ཀྱི་རིན་དོད་ཆེན་པོ་ཕོག་པ་ནི་སྨོས་མ་དགོས་པ་ཞིག་རེད། ས་གནས་གཞུང་གི་ངོས་ནས་ཟུར་བཀག་གི་ཐོག་ལ་འདི་ལྟར་མུ་མཐུད་ནས་དཔལ་འབྱོར་གྱི་འགྲོ་སོང་གཏོང་བའི་ནུས་པ་མེད་པར་ཆགས་ཟིན་པ་རེད། དུས་ཡིན་རིང་པོར་ཟུར་བཀག་བྱས་རྐྱེན་མི་དམངས་ཀྱི་སེམས་ཁམས་ལ་གནོད་འཚེ་ཕོག་ཡོད་པ་དེའང་རྒྱུ་མཚན་ཞིག་རེད། དཔལ་འབྱོར་གྱི་གནས་སྟངས་ཀྱང་རྩ་བརླག་འགྲོ་བར་ཉེ་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་ཐུག་ཡོད་པ་རེད། ཅེས་བརྗོད་འདུག

དོན་ཚན་གསར་པ་བཅུ་ཞེས་པ་དེས། ཉེན་ཁ་ཡོད་མེད་ཀྱི་ས་ཁུལ་དབྱེ་བ་ཕྱེ་སྟངས་ལ། ཐོག་ཁང་། སྡོད་ཁང་དམིགས་ཚད་དུ་བཟུང་བ་ལས། ཁྱབ་ཁོངས་ཇེ་ཆེར་མི་གཏོང་བ་དང་། ཐབས་སྣ་ཚོགས་ཀྱི་སྒོ་ནས་གནས་སྐབས་ཀྱི་དམ་དྲག་རིགས་མི་བྱ་རྒྱུ། ཉིན་ལྔའི་རིང་ལ་ནད་པ་གསར་པ་མ་ཐོན་ན་དུས་ཚོད་ལྟར་དམ་དྲག་ལྷོད་ཡངས་གཏང་དགོས་པ་དང་ཆབས་ཅིག །སྲིད་འཛིན་ཁྱབ་ཁོངས་ལ་གཞི་བཅོས་ལ་མི་ཡོད་ཚད་ཐབས་ཅད་ལ་ནད་ཡམས་ཡོད་མེད་བརྟག་དཔྱད་མི་བྱ་ཞིང་། བརྟག་དཔྱད་ཀྱི་ཁྱབ་ཁོངས་ཆུང་དུ་གཏོང་བ་དང་། བརྟག་དཔྱད་ཐེངས་མང་པོ་བྱེད་མི་དགོས་པར། སྔོན་འགོག་ལས་དོན་གྱི་སྐབས་བབ་ལ་གཞིགས་ནས་ནད་ཡམས་འགོས་ཡོད་མེད་ཀྱི་བརྟག་དཔྱད་མགྱོགས་པོ་བྱ་རྒྱུ་སོགས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

རྒན་གསོ་ཁང་དང་། སྐྱབས་གསོ་ཁང་། འཕྲོད་བསྟེན་སྨན་ཁང་། བུ་བཅོལ་ཁང་། སློབ་གྲྭ་ཆུང་འབྲིང་སོགས་དམིགས་བསལ་ཡིན་པ་ལས་གཞན་ནད་ཡམས་འགོས་མེད་པའི་དཔང་རྟགས་བསྟན་མི་དགོས་ཤིང་། བདེ་ཐང་ཡིན་མིན་གྱི་ཚད་འཛིན་ཨང་གྲངས་ཀྱང་མིག་སྟོན་མི་དགོས་པ། ས་ཆ་གཅིག་ནས་གཅིག་ཏུ་འགྲོ་བར་ཡང་དེ་དེ་བཞིན་བྱ་རྒྱུ་ཡིན་པ་བཅས་ཡིན་པ་རེད། དམིགས་བསལ་མིན་པའི་སྤྱིར་བཏང་གི་མི་དམངས་འདུ་འཛོམས་བྱེད་གནས་སུ་བདེ་ཐང་ཡིན་མིན་གྱི་ཨང་གྲངས་དཔང་རྟགས་མིག་སྟོན་མི་དགོས་པར་བྱས་པ་ནི། རྒྱ་ནག་གི་ནད་ཡམས་སྔོན་འགོག་སྲིད་ཇུས་དེ་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པ་ཡོང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཡིན་པ་རྒྱ་ནག་གི་རྒྱ་གྲམ་དམར་པོའི་ཐེབས་རྩའི་འཕྲོད་བསྟེན་ལྟ་སྐྱོང་རོགས་རམ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་རེན་རུས་ཧོང་གིས་བརྗོད་འདུག །ཁོང་གིས་ད་དུང་བདེ་ཐང་ཡིན་མིན་གྱི་ཨང་གྲངས་དཔང་རྟགས་ཞེས་པ་དེ་དབུས་དང་ས་གནས་རིམ་པ་སོ་སོའི་སྲིད་གཞུང་ལས་བྱེད་ཚོས་གང་ཟག་སྒེར་པ་ལ་སྟངས་འཛིན་བྱེད་པའི་ཐབས་ལམ་ཞིག་རེད། ཅེས་དང་། ད་ཆ་བདེ་ཐང་ཡིན་མིན་གྱི་ཨང་གྲངས་དཔང་རྟགས་མིག་སྟོན་བྱེད་མི་དགོས་པ་བྱས་པ་དེ་ནི་དོན་དམ་ལ་ནད་པར་རྗེས་འདེད་བྱེད་པའི་གནས་སྟངས་མེད་པ་ཆགས་པ་དང་གཅིག་པ་རེད། ནུབ་ཕྱོགས་ཀྱི་ཨ་མི་རི་ཀ་དང་ཡོ་རོབ་སོགས་སུ་དེ་འདྲ་རྩ་བ་ནས་བྱེད་སྲིད་ཀྱི་མ་རེད། དེ་ནི་འགྲོ་བ་མིའི་སྒེར་གྱི་གསང་བ་རྡོག་རོལ་གཏོང་བའི་བྱ་སྤྱོད་ཅིག་རེད། ཅེས་གསུངས་འདུག །ཕྱི་ལོགས་ཀྱི་སྤྱི་ཚོགས་སུ་རྒྱ་ནག་གིས་ཐོན་སྐྱེད་བྱས་པའི་འགོག་ཁབ་ཀྱི་ནུས་པར་ཡིད་གཏན་འཕེར་བ་མེད་པས། ནད་ཡམས་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་བཏང་བ་དང་བསྟུན་ནས། རྒྱ་ནག་ཏུ་ཏོག་དབྱིབས་ནད་ཡམས་བསྐྱར་དུ་ཁྱབ་གདལ་ཤུགས་ཆེ་ཆགས་མི་ཡོང་ངམ་སྙམ་པའི་དོགས་པ་དང་བློ་འཚབ་ཀྱང་ཆེན་པོ་ཡོང་གི་ཡོད་པ་རེད།

XS
SM
MD
LG