ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གིས་ལྷུག་ཡངས་བཏང་སྟེ་ནད་དུག་ཁྱབ་གདལ་འགོག་དཀར་བར་གྱུར། 


༄༅།། རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་སླར་གསོ་འབྱུང་ཐབས་སུ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་བཀག་སྡོམ་སྲིད་ཇུས་ལྷུག་ཡངས་གཏང་རྒྱུའི་ཐག་བཅད། ད་ལྟ་རྒྱ་ནག་གི་སློབ་གྲྭ་ཁག་དང་ལས་ཁུངས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགོག་མི་ཐུབ་པའི་མཚམས་སུ་བསླེབས་འདུག་ཅེས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག ཕྱི་ཟླ་༡༢་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གི་གཞི་གྲངས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་ཕྱིན་འདུག་ཅེས་བཀོད། ཡིན་ནའང་བདུན་ཕྲག་འདིའི་གཟའ་ལྷག་པ་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་གདམ་ཀ་མེད་པར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པའི་སྒྲིག་ཁྲིམས་དེ་ཕྱིར་བསྡུར་བྱས་ཤིང་། དེར་བརྟེན་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་རྣམས་གཞུང་གི་གྲངས་ཐོའི་ནང་དུ་འཁོད་ཀྱི་མི་འདུག་ཅེས་བསྟན། དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་པེ་ཅིང་གི་སྨན་ཁང་ཁག་ཏུ་ཚ་འཇོམས་དང་ཟུག་གཅོག་གི་སྨན་རྣམས་ཚར་ཏེ་ནད་པ་ཚོར་ཚ་འཇོམས་སྨན་དང་ཟུག་གཅོག་སྨན་རྣམས་བགོ་བཤའ་རྒྱག་དགོས་ཐུག་གི་འདུག ནད་དུག་བརྟག་དཔྱད་བྱ་ཡུལ་ཁག་ཏུ་མི་རྣམས་བང་བསྒྲིགས་ནས་བསྡད་ཡོད་པ་དང་ས་གནས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ཛ་དྲག་མིན་པའི་ནད་པ་ཚོ་རང་ཁྱིམ་དུ་སྡོད། སྨན་ཁང་ནང་གི་ཉལ་ཁྲི་རྣམས་ནད་པ་ཚབས་ཆེན་ཚོར་ཐེམས་སུ་ཆུགས་ཞེས་མང་ཚོགས་ལ་འབོད་སྐུལ་ཞུས། རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྒྲིག་ཁྲིམས་གློ་བུར་དུ་ཕྱིར་འཐེན་བྱས་པ་རེད། སྨན་ཁང་ཁག་ལ་ནད་པ་སྙལ་ས་དང་སྨན། སྨན་ཁབ་དང་དགོས་ངེས་ཀྱི་ཡོ་བྱད་རྣམས་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག པེ་ཅིང་གྲོང་ཁྱེར་ལ་མི་འབོར་ས་ཡ་༢༢་ཡོད་པས་ཚ་འཇོམས་སྨན་དང་ཟུག་གཅོག་སྨན་རྣམས་བགོ་བཤག་རྒྱག་དགོས་ཐུག་གི་འདུག སྨན་ཁང་ཁག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་སྙལ་ས་མེད་པའི་གནས་སུ་གྱར་འདུག་ཅེས་གསར་འགྱུར་སྤེལ།།

པེ་ཅིང་བ་ཕུག་ལམ་ཁ་ཞེས་པ་ཞིག་གིས་ཝི་པོ་དྲྭ་ཚིགས་སུ་ང་ཚོའི་བཟོ་ཚོང་ལས་ཁུངས་ཀྱི་ལས་བྱེད་པ་ཕྱེད་ཀ་ལྷག་ནད་པ་རེད། ཡིན་ནའང་ང་ཚོར་ཁྱིམ་དུ་རྒྱང་ལས་བྱེད་དུ་འཇུག་གི་མེད་པ་ནི་ཧང་སང་དགོས་པ་ཞིག་རེད་ཅེས་འཁང་ར་བཤད། མཉམ་འབྲེལ་གསར་ཁང་གིས་ཕུག་ལམ་ཁ་ཞེས་པའི་མཆན་འབྲི་མཁན་དེར་འབྲེལ་བ་བྱས་ཀྱང་ཕྱིར་ལན་མ་བསློགས། དེ་བཞིན་རྒྱ་ནག་གི་ལྷོ་ནུབ་ཕྱོགས་སུ་ཆགས་པའི་སི་ཁྲོན་ཞིང་ཆེན་གྱི་ཏ་ཀྲུག་གྲོང་ཁྱེར་དུ་གནས་འཁོད་དྲྭ་དམངས་སྐར་འོད་འོག་ཏུ་ཕུགས་བསམ་བསྐྱེད་ཟེར་བ་ཞིག་གིས་ཀྱང་ང་ཚོའི་འཛིན་གྲྭའི་ནང་དུ་སློབ་ཕྲུག་༤༦་ཡོད། སློབ་ཕྲུག་༥་ལ་མ་གཏོགས་གཞན་པ་ཚང་མར་ཏོག་དབྱིབས་ནད་དུག་འགོས་འདུག སློབ་གྲྭའི་ལས་སྣེ་ཚོས་སློབ་ཕྲུག་ཚོ་མུ་མཐུད་དུ་སློབ་གྲྭར་ཡོང་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་ནི་ཁྱད་ཚར་རེད་ཅེས་མཆན་བྲིས། མཉམ་འབྲེལ་གསར་ཁང་གིས་སྐར་འོད་འོག་ཏུ་ཕུགས་བསམ་བསྐྱེད་ཟེར་བའི་མི་དེར་འབྲེལ་བ་བྱས་ཀྱང་གོང་ལྟར་ལན་འདེབས་བྱུང་མེད་པའི་གནས་ཚུལ་ཐོན་འདུག གཟའ་ཕུར་བུའི་ཉིན་རྒྱ་ནག་པ་༡༨་ཀྱིས་ང་ཚོ་པེ་ཅིང་ལྷོ་ཕྱོགས་ཀྱི་པའོ་ཏིང་གྲོང་ཁྱེར་དུ་བསྡད་ཡོད། ང་ཚོའི་ས་གནས་འདིར་མི་འབོར་ས་ཡ་༡༡་ཡོད་པ་རེད། ང་ཚོས་རང་ཁྱིམ་དུ་སོ་སོར་བརྟག་དཔྱད་བྱས་པས་མི་ཁག་ཅིག་ལ་ནད་རྟགས་ཐོན་སོང་། མི་ཁག་ཅིག་ལ་ན་ཚ་བ་འཕར་ཏེ་མགོ་དང་མིད་པར་ཟུག་རྒྱག་གི་འདུག་ཅེས་དྲྭ་ལམ་དུ་མཆན་བྲིས། པའོ་ཏིང་གྲོང་ཁྱེར་གཞུང་གིས་གཟའ་ཕུར་བུའི་ཉིན་ས་གནས་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་གཅིག་ཀྱང་ཐོན་མ་སོང་ཞེས་གསལ་བསྒྲགས་སྤེལ། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ནད་པ་མང་པོ་འབྱུང་གི་ཡོད་པའི་གནས་ཚུལ་བཀོད་པ་རྣམས་གཞུང་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ནང་དུ་ཚུད་མེད་པར་སྣང་། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་ལཱེན་ཧྭ་དང་ཆིང་ཝེན་སོགས་ཆམ་ནད་བཅོས་པའི་སྲོལ་རྒྱུན་གྱི་སྨན་དེ་དག་གི་རིན་གོང་བརྒྱ་༥༠༠་ལྷག་འཕར་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༢༥་ཉིན་རྒྱ་ནག་གི་པེ་ཅིང་དང་ཧྲང་ཧེ་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ཏུ་ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་མཚམས་འཇོག་བྱ་དགོས། རྒྱ་ནག་མི་དམངས་ལ་སྨྲ་བརྗོད་རང་དབང་དགོས་ཞེས་ངོ་རྒོལ་བྱས་པའི་རྗེས་སུ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཕྱིར་བསྡུ་བྱ་རྒྱུ་མགོ་བརྩམས། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སློབ་གྲོགས་དང་ལས་རོགས་སོགས་ལ་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་གྱིས་འཛིན་གྲྭར་ཡོང་ཐུབ་ཀྱི་མི་འདུག་ཟེར་བ་དང་ལས་རོགས་ཚོར་ཏོག་དབྱིབས་ནད་དུག་འགོས་ནས་ལས་ཀར་ཡོང་ཐུབ་ཀྱི་འདུག་ཟེར་བའི་གནས་ཚུལ་ཇི་སྙེད་ཅིག་ཐོན། པེ་ཅིང་གི་བཟོ་ཚོང་ལས་ཁུངས་ཤིག་གི་ལས་བྱེད་པ་ཚོར་ནད་དུག་འགོས་ནས་ལས་ཀར་ཡོང་མ་ཐུབ་པར་ལས་ཁུངས་སྒོ་རྒྱག་དགོས་བྱུང་འདུག་ཅེས་བཀོད། མཉམ་འབྲེལ་གསར་ཁང་གིས་རང་ཐད་དུ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་རྣམས་དངོས་བདེན་ཡིན་མིན་ངེས་གཏན་བྱས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་གྱི་ཡོད་ཀྱང་རྒྱ་ནག་གིས་ལོ་འདིའི་ཕྱི་ཟླ་༡༡་པའི་ཚེས་༡༡་བར་དུ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར། མི་མང་ལ་ཉིན་ལྟར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པ་དང་ནད་དུག་འགོས་ཡོད་པ་རྣམས་སྡེབ་ཚོགས་བྱས་ནས་ཟུར་དུ་བཀག མི་གྲངས་དུང་ཕྱུར་མང་པོ་བཙོན་པ་ལྟར་རང་ཁྱིམ་དུ་བཀག་སྟེ་མང་ཚོགས་ཀྱི་ཉིན་རེའི་འཚོ་བར་བརྡབ་གསིག་ཆེན་པོ་བྱུང་། ད་ལོའི་ཕྱི་ཟླ་༡༠་པར་རྒྱ་ནག་གི་ཁྲོམ་རའི་ནང་དུ་རླངས་འཁོར་ཉོ་ཚོང་བརྒྱ་ཆ་༢༦.༥་ཆག་པ་དང་ཕྱི་ཟླ་༡༡་པར་ཕྱི་རྒྱལ་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༡༠.༩་ཉུང་དུ་ཕྱིན་ཏེ་རྒྱ་ནག་གི་ཚོང་ལས་ལ་ཕྱོགས་ཡོངས་ནས་གྱོང་གུད་ཕོག

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་ཞེས་ནད་ཡམས་གཙང་སེལ་སྲིད་ཇུས་དེར་འགྱུར་བ་མེད་ཟེར་གྱི་ཡོད་མོད། འོན་ཀྱང་བདུན་ཕྲག་སྔོན་མ་ནས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་འཕྲོད་བསྟེན་ལས་རིགས་མཁས་པ་དང་དཔལ་འབྱོར་རིག་པའི་མཁས་པ་ཚོས་༢༠༢༣་གྱི་ལོ་དཀྱིལ་ཡས་མས་ནས་དམ་དྲག་ཐམས་ཅད་མེད་པར་འགྱུར་སྲིད། དེའི་བར་དུ་རྒྱ་ནག་གི་རྒན་རྒོན་ཚོར་འགོག་ཁབ་བརྒྱབ་སྟེ་སྨན་ཁང་ཁག་གིས་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་གི་དུས་ཚོད་སྤྲོད་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༦༧༩༧་ཐོན་སོང་། མི་༡༣༡༦༠་ལ་ནད་རྟགས་མ་ཐོན་པར་ནད་དུག་འགོས་འདུག་ཅེས་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མར་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༤༠༠༠༠་ཡས་མས་རེ་ཐོན། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འགོ་ཁྲིད་ཚོས་དཔལ་འབྱོར་སླར་གསོ་གཙིགས་སུ་འཛིན་དགོས། ས་གནས་ཁག་གི་འགོ་ཁྲིད་ཚོས་མང་ཚོགས་ཀྱི་བདེ་ཐང་ལའང་སྲུང་སྐྱོབ་བྱ་དགོས་པ་དང་ནད་རྟགས་ཐོན་པ་རྣམས་གཞུང་གི་ཟུར་འགོག་ཁང་དུ་འགྲོ་མི་དགོས་པར་རང་ཁྱིམ་དུ་བསྡད་ན་ཆོག་ཅེས་བསྒྲགས། རྒྱ་གཞུང་གི་ཟུར་འགོག་ཁང་དེ་དག་ལ་གཙང་སྦྲ་མེད་པ་དང་མི་ཚོགས་ཆེ་དྲགས་ཏེ་ནད་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་ས་འོག་མེ་འཁོར་ནང་དུ་བསྐྱོད་པ་དང་ཚོང་ཁང་ཆེ་ཁག་ལ་འགྲོ་དགོས་ན་མི་ཚོས་རང་ལ་ནད་རྟགས་ཐོན་མེད་པའི་དཔང་རྟགས་སྟོན་དགོས་པའི་ཆ་རྐྱེན་མེད་པར་གྱུར། རྒྱ་ནག་གི་སློབ་གྲྭ་ཁག་དང་སྨན་ཁང་ཁག་ལ་བསྐྱོད་དགོས་ན་སྔར་བཞིན་དོ་བདག་སོ་སོས་རང་ལ་ནད་རྟགས་ཐོན་མེད་པའི་དཔང་རྟགས་སྟོན་དགོས་པའི་ཁྲིམས་ལ་འགྱུར་བ་མ་ཐེབས།།

ཐོག་མར་ཨ་རི་དང་ཡུ་རོབ་ལ་ནད་ཡམས་ཁྱབ་ནས་དཔལ་འབྱོར་དང་ཚོང་ལས་ཉམས། མི་གྲངས་ས་ཡ་མང་པོར་ནད་མནར་དང་འཆི་སྐྱོན་ཕོག་པ་ལྟར་དེང་སྐབས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ནད་པ་ཇེ་མང་དུ་སོང་། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་འགྲོ་བཞིན་ཡོད་ཅིང་། མེཀ་ཀོ་རི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ལེ་རི་ཧུ་དང་ཀྲང་ཡུའི་ཞའོ་གཉིས་ཀྱིས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་བཀག་སྡོམ་མེད་པར་གཏོང་རྒྱུ་ནི་གོང་རིམ་གྱི་ཐག་གཅོད་རེད། ཡིན་ནའང་རྒྱ་ནག་ལ་ནད་དུག་ཁྱབ་སྟེ་དཔལ་འབྱོར་སླར་གསོར་འགོག་རྐྱེན་འབྱུང་རྒྱུ་ཡིན་མིན་བཤད་དཀའ་ཞེས་བསྡོམས་བརྒྱབ། ཡུ་རེ་ཤི་ཡ་ཞིབ་འཇུག་ཚོགས་པའི་ཉམས་ཞིབ་པ་ནེལ་ཐོ་མ་སི་དང་ལཱོ་ར་ག་ལའོ་ཌི་མན་གཉིས་ཀྱིས་ཀྱང་རྒྱ་ནག་ལ་ནད་པ་ཇེ་མང་དུ་འགྲོ་རྒྱུ་དང་སྲིད་གཞུང་གིས་སྔོན་གྱི་ནད་འགོག་སྲིད་ཇུས་དམ་པོ་དེ་བསྐྱར་དུ་ལག་ལེན་བསྟར་མི་སྲིད་པར་སྙམ། རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་དཔལ་འབྱོར་ཉམས་རྒུད་ཕྱིན་པ་རེད་ཅེས་བཀྲལ། རྒྱ་ནག་གི་ནད་དུག་གཙང་སེལ་སྲིད་ཇུས་ལ་བརྟེན་ནས་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་བས་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་སོགས་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོས་དཔལ་འབྱོར་གོང་འཕེལ་བརྒྱ་ཆ་༥.༥་གཏོང་རྒྱུའི་གཏམ་བཤད་བྱ་རྒྱུ་ཡང་མཚམས་བཞག ན་ནིང་ཕྱི་ཟླ་༦་པ་ནས་ལོ་འདིའི་ཕྱི་ཟླ་༦་པའི་བར་དུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢.༦་ཉམས་ཆག་བྱུང་ཞིང་། ཧོང་ཀོང་ས་གནས་གཞུང་གིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་དམ་པ་དེ་ལག་ལེན་བསྟར་ནས་ཁུངས་མ་འཁྱོལ། ཟླ་ཤས་གོང་དུ་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་གི་ནད་འགོག་སྲིད་ཇུས་དོར་ནས་ས་གནས་དེར་འཛམ་གླིང་ཀུན་དང་མཐུན་པའི་ནད་འགོག་སྲིད་ཇུས་ཤིག་ལག་ལེན་བསྟར། དེས་ན་ཧོང་ཀོང་གི་སྤྱི་ཚོགས་སུ་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་ཀྱང་ཟ་ཁང་དང་འགྲིམ་འགྲུལ། ཚོང་ལས་རྣམས་སྒོ་ཕྱེ་སྟེ་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་ཕོག་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG