ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ནང་ནད་ཡམས་དམ་དྲག་གློད་རྗེས་ཀྱི་གཞོན་སྐྱེས་ཚོའི་བློ་འཚབ་དང་འཕྲོད་བསྟེན་དཀའ་ངལ།


ནིའུ་ཡོག་དུས་བབས་ནས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་གིས་ནད་ཡམས་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་གཏོང་འགོ་ཚུགས་ཟིན་ཀྱང་། གཞོན་སྐྱེས་ཚོས་སྔར་བཞིན་མ་འོངས་པའི་སོ་སོའི་འཚོ་གནས་དང་ལས་ཀ་སོགས་གང་ཅིའི་ཐད་ནས་བློ་འཚབ་ཡོང་གི་འདུག། གཞན་ཡང་དྲག་ལྷོད་ཡངས་བཏང་རྗེས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་ཉེན་ཆེ་བས། རྒྱ་ནག་གི་འཕྲོད་བསྟེན་ཆ་རྐྱེན་ལ་དཀའ་ངལ་འཕྲད་རྒྱུ་ཡིན་མིན་གྱི་སྐོར་ནས་མི་ཚོས་དོ་སྣང་སླེབས་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གསུམ་གྱི་རིང་ལ། ནད་ཡམས་སྔོན་འགོག་གི་ཆེད་དུ་དམ་དྲག་གི་སྲིད་ཇུས་ནན་པོ་ཞིག་ལག་བསྟར་བྱས་ནས། མང་ཚོགས་ལ་ནད་ཡམས་འགོས་པའི་ཁྱབ་ཚད་ལ་སྟངས་འཛིན་གང་མཚམས་ཤིག་བྱས་ཐུབ་ཡོད་པ་དེ་ལྟར་ཡང་། མི་མང་པོ་ཞིག་གི་འཚོ་བ་དང་འགྲོ་འོང་བྱེད་སྒོའི་རང་དབང་བཙན་འཕྲོག་བྱས་རྐྱེན། མང་ཚོགས་ཀྱི་འདོད་བློ་མ་ཁེངས་པར་གཞུང་ལ་སྡང་ཟུག་ལངས་པ་དང་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་དྲག་པོ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་གཉེར་བའི་དམ་དྲག་གི་བྱེད་བབ་དེས། རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་ཚབས་ཆེན་ཐེབས་པ་དང་། ལས་ཀ་ཤོར་བའི་གྲངས་འབོར་ཡར་འཕར་བ། ལྷག་པར་དུ་གཞོས་སྐྱེས་ཚོའི་ལས་ཀ་ཤོར་ཚད་མངོན་སུམ་གྱིས་ཆེ་རུ་ཕྱིན་པ་སོགས། རྐྱེན་ཅི་རིགས་ཀྱི་དབང་གིས་མི་དམངས་ཀྱི་ཁོང་ཁྲོ་མེ་ལྟར་འབར་བ་དང་། མི་དམངས་ཀྱི་འདོད་བློ་ཡིས་སྐུལ་མའི་འོག། རྒྱ་ནག་གཞུང་གིས་ནད་ཡམས་གཙང་སེལ་ཞེས་པའི་སྲིད་ཇུས་དམ་དྲག་ཅན་དེར་འགྱུར་བ་མི་བཏང་རང་བཏང་ཆགས་ཏེ། ད་ཆ་ནད་ཡམས་ཀྱི་སྲིད་ཇུས་དམ་དྲག་ཅན་དེར་འགྱུར་བ་གཏོང་བའི་དོན་ཚན་གསར་པ་བཅུ་ཞེས་པ་ཞིག་བཏོན་དགོས་བྱུང་ཡོད་མོད། འོན་ཀྱང་། འདས་པའི་ལོ་ངོ་གསུམ་གྱི་རིང་ལ་གཞུང་གི་དམ་དྲག་འོག་ནས་རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་སྔ་ན་མེད་པ་ཞིག་ཐེབས་ཟིན་པའི་རྐྱེན་ལས། གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་བཞིན་པ་མ་ཟད། སློབ་གྲྭ་ཆེན་མོ་ཐོན་གྲབས་ཡིན་པའི་སློབ་ཕྲུག་ཚོ་ལ་ཡང་དེ་མཚུངས་ཀྱི་ལས་ཀ་འཚོལ་བའི་སྐོར་ནས་དཀའ་སྡུག་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་པ་རེད། དེ་ལས་གཞན་འཛམ་གླིང་གང་ས་ནས་རྒྱ་ནག་ཏུ་ནད་ཡམས་སྐོར་གྱི་སྲིད་ཇུས་ལྷོད་ཡངས་བཏང་རྗེས། ནད་པའི་གྲངས་འབོར་ཚད་ལས་བརྒལ་བ་ཡར་འཕར་བ་དང་བསྟུན་ནས། རྒྱ་ནག་གི་འཕྲོད་བསྟེན་གྱི་སྒྲོམ་གཞི་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཕྱིན་པ་ནས་ད་བར་བྱུང་མོང་མེད་པའི་དཀའ་ངལ་གྱི་ཚོད་བགམ་ཆེན་པོ་ཞིག་ལ་གདོང་ལེན་བྱ་དགོས་འཁེལ་རྒྱུ་ཡིན་པའི་སྐོར་ནས་བློ་འཚབ་ཡོང་གི་ཡོད་པ་རེད།

ནིའུ་ཡོག་དུས་བབ་ཀྱིས་པེ་ཅིང་ནས་ཡིན་པའི་ལོ་ན་༢༡ ཅན་གྱི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་གིས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་ཏེ་བརྗོད་གསལ་ལ། ནད་ཡམས་ཀྱི་སྐབས་སུ་རྒྱ་ནག་ཏུ་འཚོ་བ་སྐྱེལ་མྱོང་མཁན་གྱི་མི་སུ་ཞིག་ཡིན་ཡང་། རྒྱལ་ཁབ་འདིའི་མ་འོངས་པར་ངེས་གཏན་མེད་པའི་གནས་སྟངས་ལ་ཉམས་མྱོང་གི་ཐོག་ནས་ངེས་ཤེས་གསལ་པོ་འདྲོངས་ཡོད་པ་རེད། རྒྱ་ནག་གི་མི་དམངས་ལ་ཆ་མཚོན་ན། འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་ལ་གཉེར་བའི་དམ་དྲག་གི་སྲིད་ཇུས་ཐལ་ཆ་ཆེ་བ་དེས། མི་རྣམས་ལ་དབུགས་དབྱུང་དཀའ་བའི་གནས་སྟངས་ཤིག་བཟོས་ཡོད་དེ། ད་ལྟའི་ཆར་འཚོ་བའི་ཐད་ནས་དབུགས་ཆད་ལ་ཁད་དུ་བྱས་ཡོད་པར་མ་ཟད། ཐོན་སྐྱེད་དང་དཔལ་འབྱོར་ཡང་དེ་བཞིན་དབུགས་འགག་པའི་ཚད་ལ་སླེབས་ཡོད། དེ་ཙམ་དུ་མ་ཟད། ལས་ཀ་རག་པའི་གོ་སྐབས་ཀྱང་ཧ་ཅང་ཇེ་ཉུང་དུ་ཕྱིན་ནས་ཤི་མ་གསོན་གྱི་ངང་ཚུལ་ལྟ་བུའི་ཉེན་ཁའི་གནས་སུ་བསྐྱལ་ཟིན་པ་རེད། ཅེས་བརྗོད་འདུག། གོང་བརྗོད་རང་ལོ་༢༡ ཅན་གྱི་བུ་མོ་སློབ་གྲྭ་ཆེན་མོ་ཐོན་མ་ཐག་པ་དེས་ལས་ཀའི་སྙན་ཞུ་ཐེངས་མ་༨༠ ལྷག་ཙམ་ཕུལ་ཟིན་ཡང་། ལས་ཀའི་གོ་སྐབས་ཐེངས་གཅིག་ཀྱང་རག་མེད་པ་རེད། བུ་མོ་དེས་བརྗོད་དོན་ལ། གཞོན་སྐྱེས་མང་པོ་ཞིག་གིས་ད་ལྟ་ཕན་རྒྱ་ནག་དམར་ཤོག་ཚོགས་པའི་ཅི་ཟེར་ཁ་ལ་ཉན་ནས། ཅི་གསུང་དཀའ་སྒྲུབ་དང་བཀའ་བརྩི་དང་ལེན་ཤ་སྟག་བྱས་ནས་བསྡད་ཀྱང་། མཐའ་མཇུག་ཏུ་ཁོ་པ་ཚོར་འཐོབ་བྱ་ཞིག་ཡོད་པ་ནི་བློ་ཕམ་གྱི་རང་བཞིན་ཁོ་ན་རེད། ཅེས་བརྗོད་འདུག།

པེ་ཅིང་གི་དབང་འཛིན་པས་དམ་དྲག་གི་སྲིད་ཇུས་ཐལ་ཆ་ཆེ་བ་ཞིག་ལག་ལེན་བསྟར་བའི་རྐྱེན་གྱིས་མང་ཚོགས་ཀྱིས་ཨར་མི་བརྟན་པའི་ཚད་ལ་སླེབས་ཏེ། འདས་པའི་བདུན་ཕྲག་འགའ་ཤས་ཀྱི་རིང་ལ་པེ་ཅིང་དང་ཧྲང་ཧེ་ཐེ་བའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་མི་དམངས་ཚོས། དུས་རྒྱུན་མཐོང་དཀོན་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཏེ། ནད་ཡམས་དམ་དྲག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཤིང་། ཆིང་ཧྭ་སློབ་གྲྭ་ཆེན་མོའི་མཚོན་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་མང་པོ་ཞིག་གི་ནང་སློབ་ཕྲུག་ཚོས་ཤོག་གུ་སྟོང་པ་ལག་ཏུ་བཟུང་ནས་ངོ་རྒོལ་སྐད་འབོད་བྱས་ཏེ། ཤོག་སྟོང་ལས་འགུལ་ཞེས་པའི་ངོ་རྒོལ་བྱེད་སྟངས་དཔེ་གསར་ཞིག་བྱུང་ཡོད་པ་རེད། ཧྲང་ཧེའི་མི་དམངས་ཚོས། ཞི་ཅིན་ཕིང་གོ་གནས་ནས་མར་བབ་དགོས། རྒྱ་ནག་དམར་ཤོག་ཚོགས་པ་སྲིད་ཀྱི་སྡིངས་ཆ་ནས་མར་བབ་དགོས། ཞེས་འབོད་ཚིག་བསྒྲགས་ཡོད་པ་རེད། དེ་ནི་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་ཆབ་སྲིད་ཀྱི་གོ་གནས་ལ་སླེབས་པ་ནས་བཟུང་བྱུང་མྱོང་མེད་པ་དང་། ཐ་ན་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དམར་གསོད་ཀྱི་དོན་རྐྱེན་བྱུང་ནས་ད་བར་བྱུང་མྱོང་མེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་གཞི་ཁྱོན་ཆེ་ཤོས་ཤིག་ཏུ་ཆགས། དེས་ཅིག་བྱས་ན་མི་དམངས་ཀྱི་འཚོ་བར་སྣང་མེད་བཏང་ནས། ལྐུགས་པ་ཨུ་ཚུགས་ཚ་པོའི་སྒོ་ནས་དམ་དྲག་གི་སྲིད་ཇུས་ཐལ་ཆ་ཅན་གཉེར་བས་དཔལ་འབྱོར་ལ་དོ་ཕོག་བཏང་བ་ཙམ་མ་ཟད། རྐྱེན་དེ་ལ་བརྟེན་ནས་གནས་སྟངས་ཛ་ཇེ་དྲག་ཏུ་ཆགས་ཏེ། སྤྱི་ཚོགས་བརྟན་བརླིང་ལ་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ཡིན་སྐོར་རྒྱ་ནག་གི་དབང་འཛིན་པ་ཚོར་བློ་འཚབ་ཡོང་བཅུག་ཡོད་སྲིད་པ་རེད།

རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་དེ་བཞིན་རྩྭ་སྐྱ་མེ་ལ་ཤོར་བ་བཞིན་གང་སར་ཁྱབ་པར་ཟོན་ནས། རྒྱ་ནག་གཞུང་གིས་བདུན་ཕྲག་འདིའི་ནང་སྔོན་འགྲོའི་རྟགས་མཚན་དང་། འཆར་གཞི་གྲ་སྒྲིག་གང་ཡང་མེད་པའི་གནས་སྟངས་འོག། གློ་བུར་དུ་སླར་ཡང་ནད་ཡམས་སྔོན་འགོག་གི་སྒྲིག་ལམ་གཏན་འབེབས་དོན་ཚན་གསར་པ་བཅུ་ཞེས་པ་ཞིག་བཏོན་ཏེ། ནད་ཡམས་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་གཏོང་བའི་ཚད་ཇེ་མགྱོགས་སུ་བཏང་སྟེ། མང་ཚོགས་རྣམས་ཐེམ་སྤང་བཀའ་རྒྱའི་འོག་ནས་ཡོངས་སུ་གློད་གྲོལ་གྱིས། སྤྱི་པའི་འདུ་འཛོམས་བྱེད་གནས་སུ་ནད་ཡམས་འགོས་ཡོད་མེད་ཀྱི་དཔང་རྟགས་མིག་སྟོན་བྱེད་མི་དགོས་པར་འགྲུལ་བཞུད་བྱེད་ཆོག་ཅིང་། ལས་ཁུངས་དང་སློབ་གྲྭ། ཚོང་ཁང་། ཐ་ན་གནམ་གྲུར་དང་རི་ལི་ལ་བསྡད་ནས་གཉེན་འཕྲད་དང་ཡུལ་སྐོར་ལྗོངས་རྒྱུར་འགྲོ་ཆོག་པ་སོགས་བྱས་འདུག་མོད། དེ་ལྟ་ནའང་། རྐྱེན་ཅི་རིགས་ཤིག་ཉི་མ་གཅིག་གཉིས་ལ་ཆགས་པ་ཞིག་མ་ཡིན་པར། དེ་ནི་ལོ་ཟླ་ཞག་དུས་བརྩེགས་པའི་འབྲས་བུ་ཡིན་ཙ་ན། དམ་དྲག་གི་སྲིད་ཇུས་ཀྱི་རྐྱེན་པས་དཔལ་འབྱོར་དང་ཁྲོམ་རར་དོ་ཕོག་བཏང་བ་དེར་ཉི་མ་གཅིག་གཉིས་ནང་རྒྱུན་ལྡན་ལྟར་ཉམས་གསོ་བྱེད་མི་ཐུབ་པ་ནི་ཆོས་ཉིད་ཡིན་པས། རྒྱ་ནག་གི་ལས་ཀའི་ཁྲོམ་ར་ལ་འབྲས་ཐུག་སླ་པོར་ཆུ་འཁྱག་ཕོན་ཆེན་བརྒྱབ་པ་བཞིན། ད་ལྟའི་ཆར་ད་ཡོད་ཀྱི་གཞོན་སྐྱེས་ཚོ་དང་སློབ་གྲྭ་ཆེན་མོ་ཐོན་མ་ཐག་པའི་སློབ་ཕྲུག་ཚོར། ཁོ་པ་ཚོའི་མི་ཐོག་གོང་མ་ཚོ་ནང་བཞིན་དཔལ་འབྱོར་ཡར་རྒྱས་དང་འདོད་ཡོན་ཕུན་སུམ་ཚོགས་པའི་དུས་སྐབས་བཟང་པོའི་དུས་ཀྱི་ལས་ཞུགས་ཀྱི་གོ་སྐབས་དེ་འདྲ་ཞིག་མཁོ་སྤྲོད་བྱེད་མི་ཐུབ་པ་ཆགས་ཟིན་པ་ཧ་ཅང་གསལ་པོ་རེད།

རྒྱ་ནག་གི་གཞོན་སྐྱེས་ཚོའི་ལས་ཀ་ཤོར་བའི་ཚད་དེ་ད་ལྟ་ཕན་བྱུང་མ་མྱོང་བའི་ཚད་མཐོ་ཤོས་སུ་སླེབས་འདུག་ཅིང་། ལོ་རྗེས་མའི་ནང་སློབ་ཕྲུག་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དྲུག་སློབ་གྲྭ་ཐོན་ཉེར་ཡོད་པས། གྲངས་འབོར་དེའང་ལས་ཀ་འཚོལ་མཁན་གྱི་མི་འབོར་གྱི་ཁར་བསྣན་རྒྱུ་ཡིན་ཙང་། གཞོན་སྐྱེས་ཚོར་ལས་ཀ་འཚོལ་བར་དཀའ་ངལ་ཡོད་པར་མ་ཟད། ཁོ་ཚོའི་ཕ་མ་ཚོར་ཡང་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད། ད་ལྟའི་རྒྱ་ནག་གི་གཞོན་སྐྱེས་ཚོ་ནི་དཔལ་འབྱོར་གྱི་གནས་སྟངས་ལྟོས་བཅས་ཀྱི་ཡག་པོ་ཡིན་པའི་དུས་སྐབས་ཤིག་ནས་འཚར་ལོངས་བྱུང་བ་དང་། ཁོ་ཚོའི་ནང་མི་རྣམས་ནི་རྒྱ་ནག་གི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་བའི་དུས་སྐབས་ཤིག་ཏུ་འཁེལ་ཞིང་། ལས་ཀའི་གནས་སྟངས་གཏན་འཇགས་ཡིན་པ་དང་། ཁྱིམ་ཚང་གི་ཡོང་སྒོ་ཡང་ཉིན་རེ་བཞིན་ཡར་རྒྱས་ཡོང་བ། འཚོ་བའི་གནས་ཚད་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་ཞིང་། དེའི་ཚེ་དེའི་དུས་ཀྱི་གཞོན་སྐྱེས་རྣམས་ནི་སློབ་གྲྭར་འཛུལ་བའི་ཉི་མ་དང་པོ་ནས། སོ་སོ་འབད་བརྩོན་བྱས་ཐུབ་ན། འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཀྱང་། ད་ལྟ་ནི་གནས་སྟངས་དེ་ལས་ལྡོག་པ་ཆགས་ཟིན་པ་རེད།

ད་ལོའི་ཟླ་བ་༧ པར། རྒྱ་ནག་གི་ལོ་ན་༡༦ ནས་༢༤ ཡི་བར་གྱི་གཞོས་སྐྱེས་ལས་ཀ་ཤོར་ཚད་བརྒྱ་ཆ་༢༠ ལ་ཉེ་བ་ནི། རྒྱ་ནག་གིས་༢༠༡༨ ལོ་ནས་དེའི་སྐོར་གྱི་གཞི་གྲངས་ཕྱིར་སྤེལ་བྱས་པ་ནས་བཟུང་ཚད་མཐོ་ཤོས་དང་ཚབས་ཆེ་ཤོས་སུ་སླེབས་ཤིང་། གཞོན་སྐྱེས་ལས་ཀ་ཤོར་བའི་ཚད་དེ་ཉེ་དུས་ནས་ཅུང་ཅུང་ཟད་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པའི་ཆ་ཞིག་ཡོད་ཀྱང་། རྒྱ་ནག་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ལས་ཀ་ཤོར་བའི་བསྡུར་ཚད་ནང་ནས་ལྡབ་གསུམ་ཡིན་པ་རེད།

གནད་དོན་དབྱེ་ཞིས་པས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་གིས་གཞི་ཁྱོན་ཆེན་པོའི་སྒོ་ནས་དམ་དྲག་གི་སྲིད་ཇུས་ལྷོད་ཡངས་བཏང་ཟིན་ཡང་། ནད་པའི་གྲངས་འབོར་ཡར་འཕར་བ་དང་མར་ཆག་པའི་གནས་སྟངས་གང་ཡང་གསལ་པོ་ཞིག་མཐོང་རྒྱུ་མེད་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་དབང་འཛིན་པས་འདས་པའི་དུས་ཡུན་ནང་གྲོང་ཁྱེར་ཁག་ནས་ཉི་མ་རེ་རེར་བཙན་དབང་གི་སྒོ་ནས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་སའི་ས་ཚིགས་ཐམས་ཅད་སྒོ་བརྒྱབ་ཡོད་པ་དང་། ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་མཁན་གྱི་མི་འབོར་ཡང་ཁྱོན་ཆེན་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ནད་པའི་གྲངས་ཀ་ཡང་དེ་བཞིན་ཉུང་དུ་ཕྱིན་པ་རེད། ཅེས་ངོས་འཛིན་གནང་འདུག །

དེ་སྔ་རྒྱ་ནག་གཞུང་གི་ངོས་ནས། ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ཐལ་ཆ་ཅན་དེ་ལག་བསྟར་བྱེད་དོན་ནི། རྒྱ་ནག་ཏུ་འཕྲོད་བསྟེན་གྱི་ཆ་རྐྱེན་འདང་ངེས་ཤིག་མེད་པས། ནད་ཡམས་ཁྱབ་གདལ་གཞི་ཁྱོན་ཆེན་པོ་ཕྱིན་པ་ཡིན་ན་བྱ་ཐབས་བྲལ་ངེས་རེད། ཅེས་ནན་བརྗོད་བྱས་ཡོད་ཅིང་། དོན་དངོས་ཐོག་ལའང་རྒྱ་ནག་གི་འཕྲོད་བསྟེན་ཆ་རྐྱེན་མི་འདང་བའི་དཀའ་ངལ་ཡོད་པར་མ་ཟད། འཕྲོད་བསྟེན་ཐོན་ཁུངས་ཆ་བགོས་བྱེད་སྟངས་ཀྱང་དོ་མི་སྙོམས་ཤིང་། ཆ་རྐྱེན་ཡག་ཤོས་དེ་དཔལ་འབྱོར་གྱི་ཆ་རྐྱེན་ལྟོས་འཇོག་གིས་བཟང་བའི་ཤར་ཕྱོགས་རྒྱ་མཚོའི་འགྲམ་ངོགས་ཀྱི་ས་ཁུལ་དུ་སྤུངས་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ལྟར་ཡང་། ཉེ་ཆར་པེ་ཅིང་གི་དབང་འཛིན་པའི་ངོས་ནས་ས་གནས་སོ་སོའི་དཔོན་རིགས་ཚོས་སོ་ནམ་ཞིང་ལས་གཉེར་བའི་གྲོང་གསེབ་ཁག་ལ་འཕྲོད་བསྟེན་སྨན་བཅོས་དང་སྨན་རྫས་ཀྱི་རིགས་ཆ་སྙོམས་ཐོག་ནས་དང་ལེན་ཐུབ་དགོས་པའི་ནང་འགལ་ཅན་གྱི་བཀོད་ཁྱབ་བཏང་འདུག།

XS
SM
MD
LG