ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

འབྲུག་ཡུལ་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་རྒྱུ།


༄༅།། ད་ལོའི་ཕྱི་ཟླ་༡༢་པའི་མཚམས་སུ་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་བུ་དང་སྤ་རོ་ས་གནས་གཉིས་སུ་ལག་ཐོགས་ཁ་པར་སོགས་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཐུབ་རྒྱུའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་འབྲུག་ཡུལ་གྱི་ཀུན་གསལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ནི་འཕྲུལ་རབས་བཞི་པ་ལས་ལྡབ་༡༠་ཙམ་མགྱོགས་པ་དང་བརྙན་འཕྲིན་སྤུས་དག་པིག་ཟེལ་༨༠༠༠་ཐམ་པ་སྐར་མ་འགའ་ཞིག་གི་ནང་དུ་ཕབ་ལེན་བྱས་ནས་བལྟ་ཐུབ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གྲས་སུ་མལ་ཏིབ་རྒྱལ་ཁབ་ཀྱི་གཞུག་ཏུ་འབྲུག་ཡུལ་ནི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཐུབ་མཁན་གྱི་རྒྱལ་ཁབ་གཉིས་པ་དེར་གྱུར་པ་རེད་ཅེས་གནས་ཚུལ་སྤེལ་འདུག འབྲུག་གཞུང་གི་ལས་སྣེ་ཚོས་ལག་ཐོགས་ཁ་པར་ཚང་མའི་ནང་དུ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཕྲོད་ཀྱི་མེད་པ་སྟེ། འབྲུག་ཡུལ་གྱི་ཁ་པར་ཚད་ཡོད་བཟོ་ཚོང་ཁང་གིས་བརྟག་དཔྱད་བྱས་ནས་ཝྭི་ཝྭོ་ཁ་པར་རིགས་གསུམ་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཕྲོད་ཀྱི་འདུག ལག་ཐོགས་ཁ་པར་ཡོད་ཚད་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་མཐུད་ཐུབ་མིན་བརྟག་དཔྱད་བྱེད་ཀྱི་ཡོད། འབྲུག་གཞུང་གིས་གྷུ་གྷལ་དང་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གཉིས་ལ་གྲོས་སྡུར་བྱས་ནས་ཨན་ཌི་རོ་ཡི་ཌི་ཁ་པར་དང་ཀུ་ཤུ་ཁ་པར་ནང་དུ་འབྲུག་ཡུལ་ལ་བཙུགས་པའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་མཐུད་ཐུབ་པ་ཞིག་བཟོ་ཐབས་བྱེད་ཀྱི་ཡོད་ཅེས་བཤད་འདུག

ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཌེན་གྱི་ཨེ་རིཀ་སན་བརྡ་འཕྲིན་བཟོ་ཚོང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་རིཀ་སན་བཟོ་ཚོང་ཁང་དང་འབྲུག་ཡུལ་གྱི་ཁ་པར་ཚད་ཡོད་བཟོ་ཚོང་གཉིས་མཉམ་འབྲེལ་གྱིས་ཧི་མ་ལ་ཡའི་རི་ཁུལ་དུ་ཆགས་པའི་རྒྱལ་ཁབ་དེར་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཀྱི་ཡོད། འབྲུག་ཡུལ་གྱི་མངོན་པར་བསྟོད་འོས་པའི་འབྲེལ་མཐུད་བྱ་གཞག་ནི་ཨེ་རིཀ་སན་བཟོ་ཚོང་ཁང་དང་འབྲུག་ཡུལ་གྱི་ཁ་པར་ཚད་ཡོད་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་བྱས་པའི་གྲུབ་འབྲས་རེད། རྒྱལ་ས་ཐིམ་བུ་དང་སྤ་རོ་ནས་འབྲུག་ཡུལ་གྱི་ས་གནས་གཞན་ཁག་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བསྒྲགས། འོན་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་༢༠༢༤་བར་དུ་འབྲུག་རྒྱལ་ཡོངས་སུ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཐུབ་རྒྱུ་ཁག་པོ་ཡིན་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཐོག་མར་༢༠༠༤་ལོར་ཨེ་རིཀ་སན་བཟོ་ཚོང་ཁང་གིས་འབྲུག་ཡུལ་ལ་ལག་ཐོགས་ཁ་པར་གྱི་བརྡ་འཕྲིན་མ་ལག་བཙུགས། དེ་ནས་བཟུང་སྟེ་འབྲུག་ཡུལ་ལ་ཨེ་རིཀ་སན་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་བརྡ་འཕྲིན་མ་ལག་བཙུགས། ད་ལྟ་འབྲུག་ཡུལ་དང་ཨེ་རིཀ་སན་བརྡ་འཕྲིན་བཟོ་ཚོང་ཁང་གཉིས་མཉམ་འབྲེལ་ཐོག་ཏུ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་རྒྱུ། འབྲུག་ཡུལ་དང་ཨེ་རིཀ་སན་བཟོ་ཚོང་ལས་ཁང་གཉིས་ལ་ལོ་མང་གི་ཚོང་འབྲེལ་དང་མཉམ་འབྲེལ་གྱི་ལམ་སྲོལ་བཟང་པོ་ཞིག་ཚུགས་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུའི་ཐག་གཅོད་བྱུང་འདུག

འཛམ་གླིང་འདིར་ཨ་རི་དང་ཡུ་རོབ་སོགས་ཀྱི་རྒྱལ་ཁབ་འགའ་ཞིག་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་འཕྲུལ་རིག་ལག་རྩལ་ཡོད་ཀྱང་བརྡ་འཕྲིན་མ་ལག་དེ་རྣམས་རིན་གོང་ཆེ་དྲགས་ཏེ་རྒྱལ་ཁབ་མང་དག་ཅིག་གིས་ཉོ་དཀའ་ཞིང་། རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པ་རིན་གོང་དམའ་མོ་བྱས་ནས་འཛམ་གླིང་ཡོངས་ལ་ཁྱབ། ཧྭ་ཝེ་བཟོ་ཚོང་ཁང་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གཉིས་འབྲེལ་བ་ཡོད་པས་ཨ་མི་རི་ཀ་གཙོས་རྒྱལ་ཁབ་མང་དག་ཅིག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་རྒྱུ་མཚམས་བཞག ལྷག་པར་དུ་ཨ་མི་རི་ཀའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་འབྲེལ་བཅད་ནས་བཟུང་། རྒྱལ་སྤྱིའི་ཐོག་ཏུ་ཨེ་རིཀ་སན་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་ཚོང་ལས་ལ་ཀླུ་རྟ་བརྒྱུགས། བདུན་ཕྲག་སྔོན་མར་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་རྒྱ་ནག་གི་བཟོས་པའི་ལག་ཐོགས་ཁ་པར་ནང་དུ་བོད་དོན་དང་ཐེ་ཝན་རང་བཙན། དམངས་གཙོ་དང་རང་དབང་སོགས་ཀྱི་ཐ་སྙེད་ཁག་ཞིབ་བཤེར་བྱས་ནས་རྙེད་མི་ཐུབ་པ་ཞིག་བཟོས་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན་པའི་རྗེས་སུ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་བཟོས་པའི་ལག་ཐོགས་ཁ་པར་ལའང་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར། དེས་ན་འབྲུག་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་སོགས་ཀྱི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་མ་བཙུགས་པར་ཨེ་རིཀ་སན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཀྱི་ཡོད་པ་ནི་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG