ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

རྒྱ་གར་གྱིས་ཀསྨིར་ལ་དམག་དོན་འཐབ་ཇུས་ཀྱི་ཕུག་ལམ་འཛུགས་སྐྲུན།


༄༅།། རྒྱ་གར་གཞུང་གིས་ཨ་སྒོར་དུང་ཕྱུར་༩་དང་བྱེ་བ་༣་ལྷག་འགྲོ་གྲོན་བཏང་ནས་ཀསྨིར་གྱི་བྲག་རི་ཞིག་ལ་རིང་ཚད་སྤྱི་༡༤་ཡས་མས་ཤིག་ཡོད་པའི་ནིལ་གྷ་ར་ཕུག་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༣༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བ་ལས་མི་བརྒྱ་ཕྲག་མང་པོས་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་དེ་ལེགས་གྲུབ་བྱུང་མཚམས་སུ་མཛོ་བཟི་ལ་བརྒྱུད་མི་དགོས་པར་བསོད་ནམས་གཞུང་ལམ་ནས་ལ་དྭགས་ཀྱི་རྒྱལ་གླེ་བར་དུ་ཤར་སྐྱོད་ཐུབ་པ་སྟེ། ལོ་འཁོར་ཧྲིལ་པོར་ཀསྨིར་དང་ལ་དྭགས་ཀྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རྣམས་འགག་མི་དགོས་ཤིང་། དེང་སྐབས་ཟླ་བ་དྲུག་གི་རིང་དུ་ཁ་བས་རྒྱ་ལམ་འགགས་ཏེ་ལ་དྭགས་ལ་རྒྱ་གར་གྱི་ས་གནས་གཞན་ཁག་ནས་མཁའ་ལམ་འབའ་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས། ལ་དྭགས་ནི་པ་ཀི་སི་ཐན་དང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་གཉིས་ལ་ས་འབྲེལ་ཡིན་པས་རྒྱ་གར་ལ་དམག་དོན་འཐབ་ཇུས་ཐོག་ཏུ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཕུག་ལམ་འཛུགས་སྐྲུན་པ་ཚོས་གསར་འགོད་པར་རིང་ཚད་སྤྱི་ལེ་༡༤་ཡས་མས་ཤིག་ཡོད་པའི་ཕུག་ལམ་དེའི་སྤྱི་ལེ་༦་དང་ཕྱེད་ཀ་ཙམ་འཛུགས་སྐྲུན་བྱས་ཟིན་ཡོད། ད་སྔ་བསོད་ནམས་གཞུང་ལམ་ནས་མཛོ་བཟི་ལ་བརྒྱུད་དེ་ལ་དྭགས་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པར་མ་ཟད། ཀསྨིར་གྱི་ཕུག་ལམ་འདི་རྒྱ་གར་གྱི་ཕུག་ལམ་རིང་ཤོས་དང་ཆགས་ཡུལ་ཆེས་མཐོ་ཤོས་ཀྱི་ཕུག་ལམ་ཞིག་རེད་ཅེས་བཤད། ཏ་རིཀ་ཨྷ་མེ་ཐེ་ཞེས་པའི་ལས་མི་ཞིག་གིས་ཕུག་ལམ་འདི་འཛུགས་སྐྲུན་བྱ་རྒྱུ་ནི་ལས་གཞི་གཞན་དང་གཏན་ནས་མ་འདྲ་བ་ཞིག་རེད། ས་མཐོའི་བྲག་རི་ལ་ཕུག་ལམ་འབྲུ་དགོས་པ་དེར་ཉམས་མྱོང་མ་འདྲ་བ་ཞིག་དགོས་ཀྱི་འདུག་ཅེས་བཀྲལ། རྒྱ་གར་གཞུང་གིས་མཛོ་བཟི་ལའི་རི་ཁོག་བརྡོལ་ཏེ་རྒྱ་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་འདི་༢༠༢༦་ལོར་ལེགས་གྲུབ་འབྱུང་རྒྱུའི་རྩིས་རྒྱག་གི་ཡོད་ཀྱང་ཕྱི་ཟླ་༩་པའི་ཚེས་༢༨་ཉིན་རྒྱ་གར་གྱི་རྒྱ་ལམ་འཛུགས་སྐྲུན་བློན་ཆེན་ཕུག་ལམ་དེར་རྟོག་ཞིབ་ཏུ་ཕེབས་པའི་རྗེས་སུ་༢༠༢༤་ལོའི་སྔོན་ལ་ཕུག་ལམ་དེ་འགྲུབ་ཐུབ་པའི་རེ་བ་ཡོད། ཕུག་ལམ་འཛུགས་སྐྲུན་ནི་དཀའ་ངལ་ཆེན་པོ་ཞིག་རེད། ང་ཚོས་འོས་འདེམས་སྔོན་ལ་ཕུག་ལམ་འགྲུབ་དགོས་པ་དང་ང་ལ་འགྲུབ་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

རྒྱ་དཀར་ནག་གཉིས་ཀས་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་རྒྱ་ལམ་དང་ཕུག་ལམ། ཟམ་པ་དང་གནམ་ཐང་སོགས་འཛུགས་སྐྲུན། དམག་སྒར་གསར་པ་དང་དམག་གི་ལྷུ་སྒྲིག་ཁང་པ་བརྒྱབ་སྟེ་གཏན་དུ་འདུག་རྒྱུའི་རྣམ་པ་ཐོན། འདས་པའི་ལོ་གཅིག་ཕྱེད་ཀ་ཡས་མས་ཤིག་གི་རིང་དུ་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་གསོག་བརྒྱབ། མཚོན་ཆ་གསར་པ་མཁོ་འགྲེམ་དང་དམག་སྦྱོང་། རྒྱ་དཀར་ནག་གི་འཐབ་འཛིང་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ། མེ་སྒྱོགས་དང་འཕུར་མདེལ་རུ་ཁག་རྣམས་འགྲེམ་འཇོག ཁོ་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་དོགས་ཟོན་བྱས་ནས་མཐའ་མཚམས་སྲུང་སྐྱོབ་ལ་འཐུས་ཤོར་གཏན་ནས་གཏོང་གི་མེད་ཅིང་། རྒྱ་གར་ལ་མཚོན་ན་དབྱར་དགུན་སྟོན་དཔྱིད་མེད་པར་ལ་དྭགས་ཀྱི་མཐའ་མཚམས་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་དུས་ནམ་ཞིག་དགོས་མཁོ་བྱུང་ཡང་ས་ཐོག་ནས་དམག་དཔུང་འདྲེན་གཏོང་བྱེད་ཐུབ་པའི་འགྲིམ་འགྲུལ་གྱི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་ཤིན་ཏུ་གནད་འགག་ཆེན་པོ་ཞིག་ཏུ་གྱུར། ༢༠༢༩་ལོར་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་གཞུང་འཛིན་བྷེ་ཇཱེ་པི་ཚོགས་པས་ཇམ་མུ་ཀསྨིར་གྱི་རང་སྐྱོང་དང་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར། དེ་ནས་བཟུང་སྟེ་རྒྱ་གར་གཞུང་གིས་ལ་དྭགས་ལ་འཛུགས་སྐྲུན་བྱ་རྒྱུ་གཙིགས་སུ་བཟུང་སྟེ་ཀསྨིར་དང་ལ་དྭགས་ཀྱི་ས་གནས་ཁག་ཏུ་ཕུག་ལམ་༢༠་ཐམ་པ་འཛུགས་སྐྲུན་དང་རིང་ཚད་སྤྱི་ལེ་༢༠་ཅན་གྱི་ཕུག་ལམ་༡༡་ལ་དྭགས་ཀྱི་ས་གནས་ཁག་ལ་མཐུད་རྒྱུའི་འཆར་འགོད་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG