ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

རྒྱ་གར་གྱིས་རྟ་དབང་རྫོང་དུ་སེ་ལའི་ཕུག་ལམ་འཛུགས་སྐྲུན།


༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་མཱི་ཤ་ར་རྟ་དབང་རྫོང་ཁོངས་སུ་སེ་ལའི་ཕུག་ལམ་འཛུགས་སྐྲུན་བྱེད་བཞིན་པར་རྟོག་ཞིབ་ཏུ་ཕེབས་པའི་གནས་ཚུལ་ཐོན་ཡོད་ཅིང་། རྒྱ་གར་གྱི་མཉམ་འབྲེལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སེ་ལའི་ཕུག་ལམ་ལེགས་གྲུབ་བྱུང་བའི་རྗེས་སུ་དབྱར་དགུན་སྟོན་དཔྱིད་མེད་པར་རྒྱ་གར་གྱི་དམག་དཔུང་རྣམས་ཧིན་བོད་ས་མཚམས་ཁག་ལ་བདེ་བླག་ཏུ་འདྲེན་གཏོང་བྱེད་ཐུབ་པ་དང་མཐའ་མཚམས་བར་དུ་འགྲིམ་གྲུལ་གྱི་ལམ་ཐག་ཧ་ཅང་ཐུང་དུ་འགྲོ་རྒྱུ། སེ་ལའི་ཕུག་ལམ་ནི་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཡིན་པས་༢༠༡༩་ལོའི་ཕྱི་ཟླ་༢་པའི་ཚེས་༩་ཉིན་སྲིད་བློན་མོ་དྷིས་དངོས་སུ་སེ་ལའི་ཕུག་ལམ་འཛུགས་སྐྲུན་གྱི་རྨང་རྡོ་བཙུགས། ཕྱི་ཟླ་༩་པའི་ཚེས་༢༦་ནས་ཉིན་གསུམ་ལ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་མཱི་ཤ་ར་ཕུག་ལམ་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་རྟོག་ཞིབ་ཏུ་ཕྱོགས་སྐྱོད་མགོ་བརྩམས་ཏེ་༢༠༢༡་ལོའི་ཕྱི་ཟླ་༨་པའི་ཚེས་༡༥་ནས་ལོ་འཁོར་གཅིག་གི་རིང་དུ་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་དུས་སྟོན་ཚུགས་ཡོད་པའི་ཆ་ཤས་བླངས། ༢༠༢༢་ལོའི་ཕྱི་ཟླ་༨་པའི་ཚེས་༡༥་ཉིན་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་༧༥་འཁོར་གྱི་ཡོད་པ་རེད།།

མངའ་སྡེ་སྤྱི་ཁྱབ་མཱི་ཤ་རས་གསར་འགོད་པ་ཚོར་སེ་ལའི་ཕུག་ལམ་འཛུགས་སྐྲུན་བྱས་པའི་རྗེས་སུ་རྒྱ་གར་གྱི་དམག་དཔུང་བྲེལ་འཚུབ་དང་དངངས་འཚབ་མེད་པར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་ཀྱི་ས་མཚམས་ཁག་ལ་འཕྲལ་དུ་འདྲེན་གཏོང་བྱེད་ཐུབ། ས་མཚམས་ཁག་གི་རྒྱང་ཐག་ཀྱང་རྦད་དེ་ཐུང་དུ་འགྲོ་རྒྱུ་རེད། ད་དུང་དེ་བས་ཀྱང་གལ་གནད་ཆེ་བ་ཞིག་ལ་ཨ་རུ་ན་ཅལ་མངའ་སྡེའི་མི་དམངས་རྣམས་ལོ་ཧྲིལ་པོར་མངའ་སྡེ་དེའི་ནུབ་ཕྱོགས་ཀྱི་ས་གནས་ཁག་ལ་འགོག་རྐྱེན་མེད་པར་འགྲོ་སྐྱོད་བྱེད་ཐུབ་རྒྱུ་ཡིན་པར་མ་ཟད། ནད་ཡམས་སོགས་བྱུང་བའི་དུས་སུ་སྨན་བཅོས་ཀྱི་འགྲིམ་འགྲུལ་ཡང་སྟབས་བདེ་རུ་འགྲོ་ཐུབ། རྒྱ་གར་ལ་རང་བཙན་ཐོབ་པའི་དུས་སྟོན་གྱི་གྲུབ་འབྲས་ངོ་མ་ཞིག་ཨ་རུ་ན་ཅལ་མངའ་སྡེའི་མི་དམངས་ལ་སྨིན་རྒྱུ་རེད་ཅེས་བཤད། ཁོང་གིས་རྒྱ་གར་གྱི་ཕུག་ལམ་འཛུགས་སྐྲུན་གྱི་ཚན་རིག་ལག་རྩལ་དང་འཛུགས་སྐྲུན་བ་ཚོར་བསྔགས་བརྗོད། ཨ་རུ་ན་ཅལ་མངའ་སྡེར་རྒྱ་ལམ་འཛུགས་སྐྲུན་བྱས་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་བྱུང་བ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་བཤད། རྒྱ་གར་གྱི་ཕུག་ལམ་འཛུགས་སྐྲུན་ཁང་གི་འགོ་ཁྲིད་དམག་དཔོན་ཧ་རི་ཤ་ཀུ་མར་གྱིས་མངའ་སྡེའི་སྤྱི་ཁྱབ་ལ་ཕུག་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་དང་ནེ་ཕྱི་ཕུག་གི་ཕུག་ལམ། བྷ་ལུཀ་པོང་ཆར་ཌ་ཝར་ནས་རྟ་དབང་བར་གྱི་རྒྱ་ལམ་འཛུགས་སྐྲུན། ཨོ་རང་ཀ་ལག་ཐང་ནས་ཤཱེར་དགོན། རུ་པ་བསྟན་པ་རྒྱ་ལམ་སོགས་ཀྱི་འཛུགས་སྐྲུན་ཁག་གི་འཕེལ་རྒྱས་རྣམས་སྙན་གསེང་ཞུས་འདུག

བདུན་ཕྲག་གཉིས་ཀྱི་སྔོན་དེར་རྒྱ་གར་གྱིས་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་མཐའ་མཚམས་ཀྱི་གྲོང་གསེབ་པ་རྣམས་རྒྱལ་ས་ཨི་ཊི་ན་གྷར་གྲོང་ཁྱེར་དུ་གཞིས་སྤོར་ནས་ས་མཚམས་ཀྱི་གྲོང་ཚོ་ཁག་སྟོང་པར་ལུས། མཐའ་མཚམས་ཀྱི་ས་གནས་ཁག་གི་གྲོས་ཚོགས་འཐུས་མི་ཚོས་གྲོང་གསེབ་པ་དེ་དག་གིས་རྒྱ་ནག་གི་དམག་དཔུང་ལ་འཐབ་རྒོལ་བྱེད་པར་རྒྱ་གར་གྱི་དམག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། འོན་ཀྱང་མངའ་སྡེ་དེའི་མཐའ་མཚམས་ཁག་ལ་འཛུགས་སྐྲུན་བྱེད་ཐུབ་ཀྱི་མེད་པའི་སྟབས་ཀྱིས་མི་མང་རྣམས་འཚོ་བའི་དོན་དུ་གྲོང་ཁྱེར་དུ་སྤོར་གྱི་འདུག མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་པ་སངས་རྡོ་རྗེ་བསོད་ནམས་ཀྱིས་ས་མཚམས་ཁག་གི་གྲོང་ཚོ་རྣམས་སྔར་བཞིན་སོར་གནས་ཐུབ་ཐབས་སུ་མཐའ་མཚམས་ལ་འཛུགས་སྐྲུན་བྱས་ནས་མི་དམངས་ལ་མཐུན་རྐྱེན་སྦྱོར་དགོས་ཞེས་གྲོས་གཞི་བཏོན། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་གྲོས་གཞི་དེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོར་འབུལ་ལམ་ཞུས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་མོན་ཡུལ་གྱི་ནུབ་ཕྱོགས་ཁག་ལ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་དགོས་པའི་གྲོས་གཞི་དེར་བསྔགས་བརྗོད་ཞུས། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་སུ་མཐའ་མཚམས་ཀྱི་གྲོང་ཚོ་ཁག་ཡར་རྒྱས་གཏོང་རྒྱུའི་གྲོས་གཞི་ཞིག་ལ་བསྐྱར་བཅོས་ཡང་བཅོས་ཀྱི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG