ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་གྱི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དམག་དཔུང་འཇོག་རྒྱུ་མིན་སྐད། 


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༧༦་པའི་ཐོག་ཏུ་པ་ཀི་སི་ཐན་གྱིས་ཨབ་གྷ་ཎི་སི་ཐན་བརྒྱུད་ནས་འཇིགས་སྐུལ་རིང་ལུགས་པ་བཏང་སྟེ་གཏོར་རྒོལ་གྱི་ཉེན་ཁ་ཇེ་ཆེ་རེད། འོན་ཀྱང་ལ་དྭགས་དང་ཀསྨིར། རྒྱ་གར་རྒྱ་མཚོ་སོགས་སྐམ་མཚོ་གཉིས་ཀྱི་གང་ནས་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་བྱུང་ཡང་ང་ཚོས་རང་གི་བདེ་འཇགས་ལ་སྲུང་སྐྱོབ་ཚུལ་བཞིན་བྱེད་ཐུབ་ཀྱི་ཡོད་ཅེས་ནན་བརྗོད་བྱས་འདུག ཕྱི་ཟླ་༩་པའི་ཚེས་༢༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མ་འོངས་པར་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འདུས་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱེད་དགོས་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཁག་ཅིག་རྒྱ་གར་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱ་རྒྱུའི་གནས་ཚུལ་ཐོན། སྲིད་བློན་མོ་དྷིའི་གཏམ་བཤད་ལ་མཉན་ན་རྒྱ་གར་གྱིས་རང་གི་བདག་དབང་བློས་བཏང་སྟེ་ཏ་ལི་བྷན་ཤོག་ཁག་ལ་འཐབ་རྒོལ་བྱེད་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་འཇོག་ཏུ་འཇུག་རྒྱུ་མིན་པ་ར་འཕྲོད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་མཉམ་འབྲེལ་བྱས་ནས་མཚོ་འགྲུལ་གྱི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལྟར་སྐམ་དམག་ཀྱང་མཉམ་འབྲེལ་བྱེད་སྲིད་ཅེས་གླེང་། ཡིན་ནའང་རྒྱ་གར་གྱི་ས་ཐོག་ནས་ཨབ་གྷ་ཎི་སི་ཐན་ལ་གཏོར་རྒོལ་བྱེད་དུ་འཇུག་རྒྱུའི་ཆོག་མཆན་ནམ་ཡང་སྤྲོད་མི་སྲིད་ཅེས་གནས་ཚུལ་སྤེལ་འདུག

ཉེ་ཆར་ཕྱི་ཟླ་༩་ཚེས་༡༧་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བྷག་ཆིས་གསར་འགོད་པ་ཚོར་ཨབ་གྷ་ཎི་སི་ཐན་ལ་གཏོར་རྒོལ་བྱེད་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྒྱ་གར་གྱི་ས་ཐོག་ཏུ་འཇོག་རྒྱུ་ཡིན་མིན་ལ་ངས་ལེན་འདེབས་བྱེད་ཐུབ་ཀྱི་མི་འདུག ༡༨༣༨་ནས་༡༩༤༢་བར་ཏེ། ༡༨༧༨་དང་༡༨༨༠་ལོ། ༡༩༡༩་བཅས་ལ་དབྱིན་ཇིར་རྒྱ་གར་ནས་ཨབ་གྷ་ཎི་སི་ཐན་ལ་དམག་འདྲེན་དུ་བཅུག་པ། དེ་བཞིན་༡༩༠༣་ནས་༡༩༠༤་བར་དུ་དབྱིན་ཇིར་རྒྱ་གར་ནས་བོད་ལ་དམག་འདྲེན་དུ་བཅུག་པ་ནི་ཚབས་ཆེའི་ནོར་འཁྲུལ་ཞིག་རེད། ད་ལྟ་རྒྱ་གར་གྱིས་རང་གི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་བཞག་སྟེ་ཨབ་གྷ་ཎི་སི་ཐན་ལ་གཏོར་རྒོལ་བྱེད་དུ་འཇུག་རྒྱུ་རེད་ཟེར་གྱི་ཡོད་པ་ནི་དེ་བས་ཀྱང་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ས་ཁམས་ཉམས་ཞིབ་པ་ཚོས་བསམ་ཞིབ་དེ་འདྲ་ཞིག་བྱེད་ཀྱི་ཡོད་སྲིད་ཀྱང་རྒྱ་གར་གྱིས་དེ་ལ་མོས་མཐུན་བྱེད་ཀྱི་མ་རེད་ཅེས་ལན་བཏབ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་རྒྱ་གར་གྱི་ས་ཐོག་ཏུ་བཞག་པ་དང་རྒྱ་གར་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཁེ་ཕན་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་སྲིད། འོན་ཀྱང་འཇའ་ཚོན་གྱི་ནང་དུ་གསེར་རྡུལ་མེད་པ་ལྟར་རྒྱ་གར་ལ་མཐར་ཐུག་གི་ཁེ་ཕན་མེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་འཕོག་རྒྱུ་ཡིན་པ་ངོས་ཟིན། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་གར་ལ་ཚིག་རྩུབ་ཀྱི་ཚོགས་གཏམ་བཏང་ཡང་རྒྱ་གར་ལ་དམག་འཁྲུག་རྒྱག་འདོད་མེད་པའི་རྣམ་པ་གསལ་པོར་ཐོན། ཏ་ལི་བྷན་ཤོག་ཁག་ནི་རྒྱ་གར་གྱི་མཐུན་གྲོགས་མིན་པ་དང་པ་ཀི་སི་ཐན་གྱིས་ཁ་ལོ་སྒྱུར་གྱི་ཡོད་པ་བདེན་གཏམ་དུ་གྲུབ། རྒྱ་གར་གྱི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་བཞག་སྟེ་ཨབ་གྷ་ཎི་སི་ཐན་གྱི་རི་ལུང་ཁག་ཏུ་སྐུང་ཡོད་པའི་འཇིགས་སྐུལ་རིང་ལུགས་པའམ། ཡང་ན་ཏ་ལི་བྷན་ཤོག་ཁག་ལ་གཏོར་རྒོལ་བྱ་རྒྱུ་དེར་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་གྱིས་ཀྱང་མོས་མཐུན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཉམས་ཞིབ་པ་ཧ་ཝྭིར་ཕི་ཡེ་དྷ་ར་ཞེས་པ་ཞིག་གིས་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་རྩོམ་ཡིག་བཀོད་པ་དེར་འཁོད་པ་ལྟར་ན། རྒྱ་གར་གྱིས་རྒྱལ་ཁབ་མང་པོར་འཛུགས་སྐྲུན་རོགས་སྐྱོར་བྱེད་ཀྱི་ཡོད་ཀྱང་ཏ་ལི་བྷན་ཤོག་ཁག་རོགས་སྐྱོར་དང་འཛུགས་སྐྲུན་གྱིས་ཉོ་ཐུབ་པ་ཞིག་མ་རེད། ༢༠༠༡་ནས་ཨབ་གྷ་ཎི་སི་ཐན་ལ་ཨ་སྒོར་ཁྲག་ཁྲིག་འགའ་ཞིག་འགྲོ་གྲོན་བཏང་ནས་རོགས་སྐྱོར་བྱས་ཀྱང་འབྲས་བུ་མ་སྨིན། འཛུགས་སྐྲུན་དང་རོགས་སྐྱོར་གྱིས་ཏ་ལི་བྷན་ཤོག་གིས་ཁ་ཆེའི་དྲག་ཐལ་གྱི་ལྟ་བ་ཞིག་བཟུང་ཡོད་པ་འདོར་དུ་འཇུག་ཐུབ་རྒྱུ་ཁག་པོ་རེད། དཔེར་ན་གསར་འགོད་པ་ཚོས་ཏ་ལི་བྷན་གྱི་མཐོ་རིམ་འགོ་ཁྲིད་ཨ་ན་སི་ཧ་ཁ་ཎི་ལ་ཕྱི་རྒྱལ་གྱི་རོགས་རམ་ཆད་ན་ཨབ་གྷ་ཎི་སི་ཐན་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་མི་སྲིད་དམ་ཞེས་དྲིས། ཁོ་པས་ཁྱོད་ཚོ་དགའ་ཡང་མ་དགའ་ཡང་ཁྱད་པར་མེད། ང་ཚོའི་ཁ་ཆེའི་ལྟ་གྲུབ་རྣམས་དངུལ་སྒོར་སྒམ་སྒམ་སྤྲད་པ་ལས་ཀྱང་རྩ་ཆེ་བ་ཡིན་ཞེས་ལན་བསློགས། རྒྱ་གར་གྱིས་ཀྱང་ནུབ་ཕྱོགས་པ་རྣམས་བརྟན་པོ་མིན་པ་ངོས་ཟིན་ཡོད་པ་རེད་ཅེས་བསྟན། ཏ་ལི་བྷན་གྱི་འགོ་ཁྲིད་ཚོས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱལ་ཁབ་གཞན་ལ་གཏོར་རྒོལ་བྱེད་དུ་འཇུག་རྒྱུ་མིན་ཞེས་ཁས་ལེན་བྱས་པར་རྒྱ་གར་གྱིས་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་གྱིས་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཚོས་རང་གི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱལ་ཁབ་གཞན་ལ་གཏོར་རྒོལ་བྱེད་དུ་འཇུག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་བ་ལག་ལེན་བསྟར་དགོས་པའི་ནན་སྐུལ་བྱས་ཤིང་། ཕྱི་ཟླ་༩་པའི་ཟླ་དཀྱིལ་དུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་ལ་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོ་ཚོགས་འདུར་ཚོགས་པའི་སྐབས་སུ་སྲིད་བློན་མོ་དྷིས་ཨབ་གྷ་ཎི་སི་ཐན་ཧྲིལ་པོ་འཇིགས་སྐུལ་རིང་ལུགས་པ་སྐུང་ཡུལ་ཞིག་ལ་འགྱུར་དུ་འཇུག་མི་ཉན། ང་ཚོ་ཐུན་མོང་གིས་དེ་ལ་འགོག་རྒོལ་གྱི་འཐབ་ཇུས་ཤིག་འཛིན་དགོས་ཞེས་གྲོས་གཞི་བཏོན་པར་རྒྱ་ནག་དང་ཨུ་རུ་སུ། ཏུར་ཀི་མ་ཎི་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན། ཏ་ཇིཀ་སི་ཐན་དང་ཁ་ཛཀ་སི་ཐན། ཨི་རན་བཅས་ཀྱི་མོས་མཐུན་བྱས་ཡོད་པ་རེད།།

ཉམས་ཞིབ་པ་ཧ་ཝྭིར་ཕི་ཡ་དྷ་རས་རྒྱ་གར་ལ་དམག་བཏང་ནས་རྒྱལ་ཁབ་གཞན་གྱི་དཀའ་ངལ་སེལ་རྒྱུ་དེར་གྲུབ་འབྲས་འཐོན་གྱི་མེད་པའི་ངེས་ཤེས་རྙེད་འདུག དེར་བརྟེན་རྒྱ་གར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་མ་ལྷུང་བར་དུ་དམག་གི་སྟོབས་ཤུགས་བཀོལ་རྒྱུ་དཀོན་པོ་རེད། དམག་དཔུང་བཀོལ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཀྱང་བཙན་འཛུལ་བྱས་པ་དང་ཁྱད་པར་མེད་པའི་ལྟ་སྟངས་ཤིག་འཛིན་གྱི་འདུག ༡༩༧༡་ལོར་རྒྱ་གར་བྱ་ཐབས་ཟད་ནས་བྷང་ག་ལའི་རང་བཙན་དམག་འཁྲུག་ལ་ཞུགས་པ་དང་༡༩༨༧་ནས་༡༩༩༠་བར་དུ་སིངྒ་ལའི་ནང་འཁྲུག་འགོག་ཐབས་སུ་དམག་བཏང་བ་རེད། རྒྱ་གར་གྱིས་དམངས་གཙོའི་ལམ་ལུགས་ཁྱབ་སྤེལ་བཏང་སྟེ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཁྲིམས་ཁང་། འོས་བསྡུ་ལས་ཁུངས་སོགས་སྲིད་གཞུང་གི་བཀོད་འདོམས་འོག་ཏུ་མ་འདུས་པར་ཁྲིམས་མགོ་རང་བཙན་གྱི་སྒྲིག་འཛུགས་ཁག་འཛུགས་རྒྱུ་དེར་ཤུགས་སྣོན་རྒྱག་དགོས། འཛུགས་སྐྲུན་གྱི་ལས་རིགས་རྣམས་རྒྱ་ནག་ལ་བསྒྲུབ་ཏུ་འཇུག་དགོས་ཞེས་བཤད། ད་ལོ་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོ་ཕྱི་ཟླ་༩་པའི་ཚེས་༢༥་ཉིན་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་ལྷན་འཛོམ་བྱ་རྒྱུའི་གྲོས་ཆོད་བཞག་ཀྱང་ཨབ་གྷ་ཎི་སི་ཐན་གི་སྐུ་ཚབ་སུས་བྱེད་དགོས་མིན་ཐག་མ་ཆོད་པར་ཚོགས་འདུ་ཚོགས་མ་ཐུབ། པ་ཀི་སི་ཐན་གྱིས་ཏ་ལི་བྷན་ཤོག་ཁག་གི་འཐུས་མི་ཞིག་སྐུ་ཚབ་ལ་འབོད་དགོས་ཞེས་ལངས་ཕྱོགས་བཟུང་། ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ནི་རྒྱ་གར་དང་བྷང་ག་ལ། འབྲུག་ཡུལ་དང་མལ་ཏིབ། བལ་ཡུལ་དང་སིངྒ་ལ། པ་ཀི་སི་ཐན་བཅས་ཐུན་མོང་གིས་བཙུགས།།

ཨ་རིའི་གྲོས་ཚོགས་འཐུས་མི་མར་ཁེ་གྷེ་རཱིན་གྱིས་ཨ་མི་རི་ཀས་རྒྱ་གར་ལ་འབྲེལ་བ་ཟབ་ཏུ་བཏང་སྟེ་ཏ་ལི་བྷན་ཤོག་ཁག་ལ་ཁ་གཏད་གཅོག་དགོས། རྒྱ་གར་ལ་མཚོན་ཆ་རོགས་རམ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས། ད་ལྟ་ཨབ་གྷ་ཎི་སི་ཐན་ཏ་ལི་བྷན་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཚུད་ཡོད་པས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་རེད་ཅེས་རྩོམ་ཡིག་བྲིས། ཁོང་གིས་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་དང་༢༠༡༧་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་བཞིན་པ་ནི་དགའ་དགོས་པ་ཞིག་རེད། རྒྱ་གར་གྱི་རྒྱལ་སྲུང་མཐུན་རྐྱེན་ཡར་རྒྱས་བཏང་བ་དང་རྒྱ་གར་གྱི་རང་སྲུང་སྟོབས་ཤུགས་ཡར་རྒྱས་བཏང་ཚེ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཡག་ཏུ་འགྲོ་ཐུབ། ཨབ་གྷ་ཎི་སི་ཐན་ཏ་ལི་བྷན་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཚུད་པའི་རྗེས་སུ་རྒྱ་གར་གྱི་སྲུང་སྐྱོབ་ནུས་པ་ཡར་རྒྱས་གཏོང་རྒྱུ་སྔར་ལས་གནད་འགག་ཆེ་རུ་ཕྱིན་ཡོད་ཅེས་བཤད། གྲོས་ཚོགས་འཐུས་མི་གྷེ་རཱིན་གྱི་རྩོམ་ཡིག་དེར་རྒྱ་ནག་གིས་ལོ་བཅུ་ཕྲག་གཉིས་ཀྱི་རིང་དུ་དམག་དོན་སྟོབས་ཤུགས་དེང་རབས་ཅན་ལ་བསྒྱུར་པ་རེད། ང་ཚོས་དཀའ་ངལ་གསར་པ་དེར་གདོང་ལེན་བྱེད་པར་རྒྱ་གར་ལ་ངེས་པར་དུ་རྒྱབ་སྐྱོར་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཡིན་ནའང་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་གར་གྱིས་གནས་སྐབས་རིང་རྒྱ་ནག་གི་བཙན་འཛུལ་འགོག་པར་ཨ་རི་དང་བཞི་འབྲེལ་རྒྱལ་ཁབ་སོགས་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་ཀྱང་ཕུགས་སུ་རྒྱ་གར་ལ་བཞི་འབྲེལ་རྒྱལ་ཁབ་དམག་དོན་གྱི་སྒྲིག་འཛུགས་ཤིག་ལ་འགྱུར་རྒྱུ་དེར་རྒྱ་གར་མཉམ་ཞུགས་བྱེད་འདོད་མེད་པར་མ་ཟད། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་ཤིག་གི་ཁོངས་སུ་རྒྱ་གར་ནམ་ཡང་ཞུགས་འདོད་མེད་ཅིང་། རྒྱ་གར་གྱིས་རྒྱ་ནག་ལ་འཁྲུག་རྩོད་སློང་འདོད་མེད་པ་དང་རྒྱ་ནག་ལ་ཕོག་ཐུག་གཏོང་མི་དགོས་པ་གཙོ་འདོན་གྱི་སྲིད་ཇུས་ཤིག་བཟུང་ཡོད་པར་འགྱུར་བ་མི་འདུག རྒྱ་གར་གྱིས་བསྟུན་མཁས་དང་ཞི་བདེ་བརྟན་ལྷིང་གཙིགས་སུ་འཛིན་གྱི་ཡོད་པ་རྒྱ་ནག་གིས་རྒྱ་གར་གྱི་ཞན་ཆ་ཞིག་ལ་བརྩིས་ནས་བཙན་དྲག་གི་སྲིད་ཇུས་འཛིན་རྒྱུ་གཅིག་མཚུངས་རེད། དེས་ན་རྒྱ་གར་སྔར་བཞིན་གཅིག་གི་ཕྱོགས་སུའང་མ་ལངས་པར་བཏང་སྙོམས་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་འཚོ་གནས་བྱེད་ཐུབ་མིན་ཐེ་ཚོམ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG