ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལ་དྭགས་ཀྱི་ས་མཚམས་སུ་རྒྱ་དམག་གི་ལྷུ་སྒྲིག་ཁང་པ་འཛུགས་སྐྲུན།


༄༅།། ཧིན་བོད་ས་མཚམས་སུ་དགུན་གྱི་དུས་སུ་དམག་དཔུང་འགྲེམ་འཇོག་བྱེད་དཀའ་བ་དང་འགྲོ་ལམ་ཐམས་ཅད་ཁ་བས་འགགས་ཏེ་དམག་འཁྲུག་གི་ཉེན་ཁ་ཆུང་ཞིང་། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཧིན་བོད་ས་མཚམས་ཀྱི་དབང་སྒྱུར་ས་ཐིག་གི་མཐོ་སྒང་ཁག་ཏུ་དམག་གི་ལྷུ་སྒྲིག་ཁང་པ་འཛུགས་སྐྲུན་བྱས་ནས་ལ་དྭགས་ཤར་ཕྱོགས་སུ་རྒྱ་གར་གྱི་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པར་ལན་པ་སློག་གི་འདུག་ཅེས་གནས་ཚུལ་སྤེལ། དཔེར་ན་རྒྱ་དམག་གི་ལྷུ་སྒྲིག་ཁང་པ་རྣམས་བཀྲ་ཤི་གོང་དང་མན་རྫ། ཆུ་ཚན་དང་ཆུ་རུབ་བཅས་ས་གནས་ཁག་གི་ཉེ་འཁྲིས་སུ་འཛུགས་སྐྲུན་བྱས་ནས་རྒྱ་དཀར་ནག་གི་དམག་དཔུང་གིས་ཧིན་བོད་ས་མཚམས་སུ་དམག་འཁྲུག་རྒྱག་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གནས་ཚུལ་སྤེལ་འདུག ས་གནས་དེའི་མི་ཞིག་གིས་གསར་འགོད་པར་ང་ཚོའི་འཐབ་ཇུས་ཀྱིས་རྒྱ་དམག་རྣམས་བླ་འཁུམས་དང་དཔའ་ཞུམ་འདུག ཁོ་ཚོས་རྒྱ་གར་གྱི་འཐབ་ཇུས་དེར་ལན་པ་སློག་པར་དགུན་གྱི་གྲང་ངད་དང་མཐོ་སྒང་གི་ས་ཁུལ་དུ་དམག་ས་འཛིན་མ་ཐུབ་པར་ཐབས་རྡུགས་ཀྱི་གནས་སུ་ལྷུང་འདུག་ཅེས་བཤད།།

སྔ་ལོ་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཧིན་བོད་ས་མཚམས་སུ་ལག་ཐུག་བྱུང་བའི་རྗེས་སུ་རྒྱ་ནག་གིས་བོད་དང་ཞིན་ཅང་གི་ས་ཐོག་ཏུ་དམག་གི་གནམ་ཐང་རྒྱ་སྐྱེད། མཁའ་དབྱིངས་སྲུང་སྐྱོབ་ཀྱི་དམག་དོན་ཡོ་བྱད་རྣམས་ཡག་ཏུ་བཏང་བ་དང་ས་མཚམས་ཁག་ལ་དམག་གི་ལྷུ་སྒྲིག་ཁང་པ་འཛུགས་སྐྲུན། རྒྱ་གར་གྱིས་ཀྱང་ལ་དྭགས་ཀྱི་ས་ཐོག་ཏུ་ཟམ་པ་དང་རྒྱ་ལམ། གནམ་ཐང་དང་དམག་སྒར། ཕུག་ལམ་སོགས་འཛུགས་སྐྲུན་བྱས་ནས་དབྱར་དགུན་སྟོན་དཔྱིད་མེད་པར་དམག་དཔུང་སྐྱེལ་འདྲེན་བྱེད་ཐུབ་པའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་༢་པར་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་སྤང་གོང་མཚོ་དང་དེ་མིན་གྱི་ས་གནས་ཁག་ཅིག་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བཞག ད་དུང་ཡང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་དམག་དཔུང་༥༠༠༠༠་ནས་༦༠༠༠༠་ཡས་མས་རེ་འགྲེམ་འཇོག་བྱེད་ཡོད་པར་འགྱུར་བ་མེད། རྒྱ་ནག་གིས་རྟག་ཏུ་ལ་དྭགས་ཤར་ཕྱོགས་སུ་ཁ་ལོ་བ་མེད་པའི་མྱུལ་ཞིབ་འཕུར་གྲུ་བཏང་སྟེ་རྒྱ་གར་བའི་དམག་གི་འགུལ་སྤྱོད་དང་དམག་གསོག་རྒྱག་གི་ཡོད་མེད་ལ་མྱུལ་ཞིབ། རྒྱ་གར་གྱིས་ཀྱང་རྒྱ་ནག་གི་མྱུལ་ཞིབ་འཕུར་གྲུ་ཁག་གི་འགུལ་སྐྱོད་ལ་མྱུལ་ཞིབ། དབང་སྒྱུར་ས་ཐིག་གི་ཕར་ཕྱོགས་སུ་རྒྱ་དམག་གིས་ཅི་ཞིག་བྱེད་ཀྱི་ཡོད་མེད་ལ་རྟོག་ཞིབ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་དམག་དོན་མི་སྣ་ཚོས་རྒྱ་དམག་གི་མྱུལ་ཞིབ་འཕུར་གྲུ་ཁག་ལ་ང་ཚོས་ལྟ་རྟོག་བཞིན་བྱེད་ཡོད། རྒྱ་གར་གྱིས་ཀྱང་མྱུལ་ཞིབ་འཕུར་གྲུ་བཏང་ནས་རྟོག་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། ཡུན་རིང་མི་འགོར་པར་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨི་སི་རལ་ནས་ཉོ་སྒྲུབ་བྱས་པའི་མྱུར་ཞིབ་འཕུར་གྲུ་གསར་པ་རྣམས་ས་མཚམས་ཁག་ལ་མཁོ་འགྲེམ་བྱ་འཆར་ཡོད། གོག་ར་དང་སྤང་གོང་མཚོ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་ཆུ་ཚན་སོགས་ས་གནས་གཞན་ཁག་ནས་དམག་དཔུང་ཕྱིར་འཐེན་བྱེད་མ་ཐུབ་པར་འཁྲུག་རྩོད་འབྱུང་རྒྱུའི་ཉེན་ཁ་ཆེ། ལ་དྭགས་ཤར་ཕྱོགས་ཀྱི་བོད་པའི་གྲོང་གསེབ་ཁག་གི་ཉེ་འགྲམ་དུ་རྒྱ་དམག་གིས་གཏན་འཇགས་དམག་སྒར་འཛུགས་སྐྲུན་བྱེད་ཀྱི་འདུག འདི་ནི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་གྲོང་གསེབ་ཁག་ཏུ་དམག་དཔུང་གཏན་དུ་འཇོག་རྒྱུའི་བརྡ་ཞིག་རེད། རྒྱ་ནག་གིས་བོད་དང་རྒྱ་གར། བོད་དང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་མི་མང་གནས་སྤོར་བྱེད་དུ་བཅུག་སྟེ་ཁང་པ་དང་གློག ཆུ་དང་དྲྭ་རྒྱ ལས་ཀ་དང་འཚོ་བའི་མཐུན་རྐྱེན་སོགས་ཡར་རྒྱས་བཏང་ནས་རྩོད་གཞི་ཅན་གྱི་ས་ཁུལ་ཁག་བཙན་བཟུང་བྱེད་དུ་འཇུག་གི་འདུག་ཅེས་བཀྲལ།།

XS
SM
MD
LG