ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཕེབས་འབྱོར།


༄༅།། ཕྱི་ཟླ་༩་པའི་ཚེས་༢༤་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་དབུས་གཞུང་གི་རོགས་སྐྱོར་གྱི་ལས་གཞི་ཁག་ཇི་ལྟར་གཉེར་གྱི་ཡོད་མེད་སོགས་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཏུ་ཕེབས་འདུག ཁོང་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་སྲིད་སྐྱོང་ཚོགས་ཁང་དུ་སྣེ་ལེན་ཞུས་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་གསལ་བསྒྲགས་སྤེལ་འདུག

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཕེབས་འབྱོར་བྱུང་བའི་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཕེབས་བསུ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ལྷན་ཁང་ཁག་ངོ་སྤྲོད་ཞུ་བར་གཟིགས་སྐོར་དུ་གདན་འདྲེན་ཞུས། ཁོང་རྣམས་རྒྱ་གར་མི་དམངས་ཀྱི་སྐུ་ཚབ་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་བརྒྱུད་ནས་རྒྱ་གར་གཞུང་དམངས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༡༩༦༠་ལོའི་ཕྱི་ཟླ་༥་པའི་ཚེས་༡ ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྡ་རམ་ས་ལར་གཏན་དུ་བཞུགས་འགོ་ཚུགས་པ་རེད། བོད་པ་ཚོར་འདས་པའི་ལོ་༦༠་ལྷག་གི་རིང་དུ་དཀའ་ངལ་ཇི་སྙེད་ཅིག་ཕྲད་ཀྱང་རྒྱ་གར་གཞུང་གིས་གནས་ཡུལ་སོགས་ཀྱི་རྒྱབ་སྐྱོར་གང་ལེགས་གནང་ཞིང་། རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ་གཙོས་འགོ་ཁྲིད་རིམ་པ་དང་སྲིད་དོན་ཚོགས་པ་ཁག་གིས་བོད་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་གསུང་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་དེ་དག་ལ་རྒྱ་གར་གྱི་བཀའ་དྲིན་རྗེས་དྲན་ཞེས་པའི་གླུ་གཞས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སེངྒེ་། རལ་པ་སོགས་ཀྱི་གཞས་སྣ་ཁག་གཟིགས་འབུལ་ཞུས་ཤིང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་ཚོར་དྲན་རྟེན་གྱི་ཚུལ་དུ་ཕྱག་རྟགས་རེ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་མཇལ་དར་སོགས་སྒྲོན་འབུལ། རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་པི་པི་ཆོ་དྷ་རིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་པ་ཚོས་ལོ་༦༠་ལྷག་ལ་དམངས་གཙོའི་ལམ་ལུགས་ལྡན་པའི་འཛིན་སྐྱོང་དང་བོད་ཀྱི་རིག་གཞུང་གཅེས་འཛིན་ཐུབ་ཡོད་པ་རེད། དེར་བརྟེན་རྒྱ་གར་དང་བོད་གཉིས་ནི་དམངས་གཙོ་དང་རིག་གཞུང་གི་འབྲེལ་བ་དམིགས་བསལ་ཅན་དང་གཏིང་ཟབ་ཅིག་ཡོད་པ་གསལ་སྟོན། ཁོང་གིས་དེང་སྐབས་བོད་པ་ཚོ་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་ཡོད་ཀྱང་འཛམ་གླིང་ཡོངས་སུ་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་བཞིན་རྒྱ་གར་གྱིས་ཀྱང་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུང་བཤད་བྱས་འདུག

སྐུ་ཞབས་ཆོ་དྷ་རིས་འགོ་ཁྲིད་པའི་རྟོག་ཞིབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་དགོས་པའི་རྒྱུ་མཚན་ནི་རྒྱ་གར་དབུས་གཞུང་གིས་༢༠༡༦་ནས་ལས་གཞི་བརྒྱ་ལྷག་མགོ་བརྩམས། ལས་གཞི་༤༣་ནི་ཉམ་ཐག་ལ་རོགས་སྐྱོར་དང་གྲོང་གསེབ་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་སོགས་ཡིན་པས་ས་གནས་ས་ཐོག་ཏུ་དངོས་སུ་ལག་བསྟར་ཅི་ཙམ་ཐུབ་ཀྱི་ཡོད་མེད་རྟོག་ཞིབ་ཆེད་དུ་ཡོང་བ་ཡིན་ཞེས་བཀྲལ། གྲོས་ཚོགས་འོག་མའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་རྣམས་བཞུགས་སྒར་ཁུལ་གྱི་རྟོག་ཞིབ་འགྲུབ་པའི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ནས་བྱང་ཤར་ཁུལ་གྱི་གྲོང་ཁྱེར་ཆེན་པོ་ཀ་ལི་ཀ་ཏ་དང་ཨིམ་ཧྥེལ་ཕྱོགས་སུ་ཕེབས་གཏན་ཁེལ་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG