ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཏུར་ཀིའི་སྲིད་འཛིན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་བཀག་འགོག 


༄༅།། ཏུར་ཀིའི་སྲིད་འཛིན་རེ་ཆིབ་ཏ་ཡིབ་ཨེར་དྷོ་ཝན་གྱིས་ཡུ་རོབ་རྒྱལ་ཁབ་སུད་ཌེན་གྱི་རྒྱལ་ས་སི་ཊིཀ་ཧོམ་དུ་ཁ་ཆེའི་བཀའ་དེབ་མེར་སྲེག་གཏོང་དུ་བཅུག་ཡོད་པས་རྒྱལ་ཁབ་དེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་ཞེས་བསྐྱར་ཟློས་བྱས་འདུག ཕྱི་ཟླ ༢་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱལ་ཁབ་༢༨་ཀྱི་རྒྱབ་སྐྱོར་ཐོབ་ཀྱང་ཏུར་ཀི་དང་ཡུ་རོབ་རྒྱལ་ཁབ་ཧང་གྷ་རི་གཉིས་ཀྱིས་དགག་བྱ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་ཏུར་ཀིའི་གཞུང་གིས་དགག་བྱ་བྱེད་ཀྱི་ཡོད་པ་དེའི་ཐོག་ཏུ་ཉེ་ཆར་སུད་ཌེན་གྱི་རྒྱལ་ས་སི་ཊོཀ་ཧོམ་དུ་ངོ་རྒོལ་ལས་འགུལ་རིམ་པ་ཞིག་བྱུང་། ཌན་མག་གི་མི་རིགས་རིང་ལུགས་པ་ཞིག་གིས་ཏུར་ཀིའི་གཞུང་ཚབ་ཁང་གི་མདུན་དུ་ཁ་ཆེའི་བཀའ་དེབ་དང་སྲིད་འཛིན་ཨེར་དྷོ་ཝན་གྱི་འབག་གཟིགས་ཤིག་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པས་ཏུར་ཀིའི་གཞུང་ལ་ཕོག་ཐུག་བྱུང་ནས་སྲིད་འཛིན་ཨེར་དྷོ་ཝན་དྲག་ཏུ་ཁྲོས། ཏུར་ཀིའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་མ་བྱུང་སྔོན་ནས་སྲིད་འཛིན་ཨེར་དྷོ་ཝན་གྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ལ་རང་གི་ས་ཐོག་ཏུ་གནས་འཁོད་ཀུར་དྷི་སི་ཐན་གྱི་ཚོགས་པ་ཁག་དང་དེ་མིན་གྱི་ཚོགས་པ་ཁག་གི་འཇིགས་སྐུལ་རིང་ལུགས་པ་ཚོར་དྲག་གནོན་བྱ་དགོས། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱིས་ཏུར་ཀི་ལ་མཚོན་ཆ་བཙོང་དགོས་ཞེས་དགོས་འདུན་བཏོན། ཏུར་ཀིའི་གཞུང་གིས་ཧྥི་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་གྲོས་མོལ་ཚོགས་འདུ་གལ་ཆེན་ཞིག་དུས་ཡུན་ངེས་མེད་བར་དུ་འགྱངས། ཁ་སང་གཟའ་ལྷག་པའི་ཉིན་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ཐུབ་རྒྱུའི་བསམ་བློ་ཙམ་ཡང་མ་གཏོང་། ཁྱེད་ཚོའི་བདེ་འཇགས་ཉེན་རྟོག་པ་ཚོ་མཉམ་འབྲེལ་བྱས་ནས་ཁ་ཆེའི་བཀའ་དེབ་བསྲེགས་ན་ང་ཚོས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་མི་ཐུབ་ཅེས་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་གཏམ་བཤད་བྱས་འདུག

ཕྱི་ཟླ་༢་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཨེར་དྷོ་ཝན་གྱིས་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་ཏུར་ཀིའི་གཞུང་གིས་བཟང་ཕྱོགས་ཀྱི་བསམ་བློ་གཏོང་ཆོག ཡིན་ནའང་སུད་ཌེན་ལ་ལྟ་སྟངས་ཡག་པོ་ཞིག་འཛིན་གྱི་མེད། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀས་རང་གི་ས་ཐོག་ཏུ་གནས་འཁོད་ཀུར་དྷི་སི་ཐན་ངལ་རྩོལ་ཚོགས་པའི་ཚོགས་མི་ཚོར་གནོན་སྡོམ་བྱ་དགོས་ཞེས་ཆ་རྐྱེན་བཏོན། ཏུར་ཀི་གཞུང་དང་ཡུ་རོབ་མཉམ་འབྲེལ་གྱིས་ཀུར་དྷི་སི་ཐུན་ངལ་རྩོལ་ཚོགས་པ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་ངོས་འཛིན་དང་ཚོགས་པ་གཞན་པ་ཞིག་ལ་༢༠༡༦་ལོར་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱས་པར་འབྲེལ་བ་ཡོད་པའི་སྐྱོན་བཙུགས་ཕོག ན་ནིང་ཕྱི་ཟླ་༦་པའི་ནས་ཧྥིན་ལན་ཌི་དང་སུད་ཌེན། ཏུར་ཀི་གསུམ་གྱི་འབྲེལ་ཡོད་སྐུ་ཚབ་རྣམས་སི་པེན་གྱི་རྒྱལ་ས་མེ་ཌི་རི་ཌིར་འདུས་ནས་གྲོས་མོལ་འགོ་ཚུགས། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་སུད་ཌེན་གྱི་རྒྱལ་ས་སི་ཊོཀ་ཧོམ་དུ་དང་ཌན་མག་གི་རྒྱལ་ས་ཀོ་ཕན་ཧེ་གྷན་སོགས་ལ་མི་༣༥༠་ཡས་མས་ཤིག་འདུས་ནས་ཀུར་དྷི་སི་ཐན་ལ་རྒྱབ་སྐྱོར་དང་ཏུར་ཀིའི་གཞུང་ལ་ངོ་རྒོལ། ཌན་མག་གི་གཡས་ཐལ་ཅན་གྱི་མི་རིགས་རིང་ལུགས་པ་ཞིག་གིས་ཁ་ཆེའི་བཀའ་དེབ་ཅིག་མེར་བསྲེགས་ནས་ངོ་རྒོལ་ལས་འགུལ་སྤེལ། སུད་ཌེན་གྱི་ཕྱི་སྲིད་བློན་ཆེན་ནས་ང་ཚོས་སྨྲ་བརྗོད་རང་དབང་གི་རྩ་དོན་ལ་གུ་བཤངས་བྱ་ཐབས་མེད། སུད་ཌེན་དང་ཧྥིན་ལན་ཌི། ཏུར་ཀི་གསུམ་གྱིས་མེ་ཌི་རི་ཌི་གྲོང་ཁྱེར་དུ་གྲོས་མཐུན་བཞག་པའི་འབྲུ་དོན་རྣམས་ལག་ལེན་བསྟར་གྱི་ཡོད། སུད་ཌེན་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་ཤིག་ཏུ་འགྱུར་བར་ཆ་རྐྱེན་ཅི་ཞིག་བསྒྲུབ་དགོས་པ་ཧ་ཅང་གསལ་པོ་རེད། ང་ཚོས་ཕྱོགས་གསུམ་གྱི་གྲོས་མོལ་སྐབས་སུ་ཆ་རྐྱེན་དེ་རྣམས་བསྒྲུབ་རྒྱུའི་མོས་མཐུན་བྱས་ཡོད། ཆོས་ལུགས་ནི་གྲོས་མཐུན་དེའི་གྲུབ་ཆ་ཞིག་མ་རེད་ཅེས་ཏུར་ཀིའི་གཞུང་གི་སྐྱོན་བརྗོད་ལ་ལན་བཏབ།།

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་སུད་ཌེན་གྱི་ཕྱི་སྲིད་བློན་ཆེན་ཀི་རི་སི་སན་གྱིས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱི་འབག་གཟུགས་དང་ཁ་ཆེའི་བཀའ་དེབ་ཅིག་མེར་སྲེག་གཏོང་མཁན་རྣམས་ཕན་ཐོགས་མེད་པའི་བླུན་པོ་རེད་ཅེས་ཁ་རྡུང་དྲག་པོ་བཏང་བར་མ་ཟད། སུད་ཌེན་དང་ཌན་མག་གཉིས་ཀས་ངོ་རྒོལ་དེར་མོས་མཐུན་བྱེད་ཀྱི་མེད་ཅེས་རྒྱང་བཀྱེད་ཀྱང་ངོ་རྒོལ་བ་ཚོར་སྨྲ་བརྗོད་རང་དབང་ཡོད་པ་ཁས་བླངས། ཕྱི་སྲིད་བློན་ཆེན་ཀི་སི་ཊར་སན་གྱིས་ཐེངས་འདིའི་ངོ་རྒོལ་ལས་འགུལ་ཁག་ལ་ཕྱི་རྒྱལ་བ་དང་ཕྱིའི་རྒྱལ་ཁབ་ཅིག་གིས་ལག་པ་བརྐྱངས་ཡོད་པ་ཤེས་རྟོགས་བྱུང་སོང་། ཁོ་ཚོས་བསམ་བཞིན་སུད་ཌེན་གྱི་བདེ་འཇགས་ལ་གནོད་སྐྱོན་ཆེ་བའི་ལས་འགུལ་སྤེལ་བ་རེད་ཅེས་སྨྲས། འོན་ཀྱང་ཁོང་གིས་ཕྱི་རྒྱལ་བ་དེ་དག་སུ་སུ་ཡིན་མིན་དང་ཕྱིའི་རྒྱལ་ཁབ་དེ་གང་ཡིན་གསལ་ཁ་མ་གཏད། སུད་ཌེན་གྱི་སྲིད་བློན་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་བསྡུས་ནས་ཏུར་ཀི་ཁོང་ཁྲོ་ལངས་ཡོད་པ་འཇགས་ཐབས། ཁ་ཆེའི་རྒྱལ་ཁབ་ཁག་ཏུ་སུད་ཌེན་ལ་ངོ་རྒོལ་བྱས་ནས་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་ཞི་འཇམ་ཇི་ལྟར་གཏོང་དགོས་མིན་ཐད་གྲོས་སྡུར་བྱས་འདུག ཉམས་ཞིབ་པ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁུངས་དང་མི་རིགས་དཀར་པོ་མཆོག་འཛིན་པ་འགའ་ཞིག་གིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་བཀག་འགོག་བྱེད་པར་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱི་འབག་གཟུགས་དང་ཁ་ཆེའི་བཀའ་དེབ་མེར་སྲེག་བཏང་ནས་ཟིང་ཆ་བསླངས་པའི་ཚོད་དཔག་བྱས་འདུག ཧྥིན་ལན་ཌིའི་རྒྱང་སྲིང་ཁང་གིས་བདུན་ཕྲག་སྔོན་མར་ནུབ་ཆིངས་ལ་ངོ་རྒོལ་བྱེད་པའི་ཚོགས་པ་ཞིག་གིས་རྒྱལ་ས་ཧལ་སིང་ཀི་གྲོང་ཁྱེར་དུ་ཁ་ཆེའི་བཀའ་དེབ་མེར་སྲེག་གཏོང་རྒྱུའི་གྲ་སྒྲིག་བྱས་ཀྱང་ཧྥིན་ལན་ཌིའི་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་འགོག་ཐུབ་ཡོད་པའི་གནས་ཚུལ་སྤེལ་འདུག
འདས་པའི་ལོ་བཅུ་ཕྲག་མང་པོར་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ཀྱིས་ཨུ་རུ་སུར་ཕོག་ཐུག་གཏོང་རྒྱུར་འཛེམ་ཟོན་དང་ཨུ་རུ་སུར་འབྲེལ་བ་བཟང་པོ་ཞིག་བཟུང་ནས་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་མ་ཞུགས་པར་ལོགས་སུ་བསྡད། ན་ནིང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་དམག་དྲངས་ནས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། རྒྱལ་ཁབ་གང་ཞིག་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་ན་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པ་སྤྱི་མོས་འབྱུང་དགོས་ཤིང་། ད་ལྟའི་བར་དུ་ཨ་མི་རི་ཀ་དང་ཁེ་ན་ཌ། དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་སོགས་རྒྱལ་ཁབ་༢༨་ཀྱིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དགའ་བསུ་ཞུས་ནས་རྒྱབ་སྐྱོར་ཐོབ། ད་དུང་ཧང་གྷ་རི་དང་ཏུར་ཀི་གཉིས་ཀྱིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་མཐའ་མའི་ཆོག་མཆན་མ་བཀོད། སྲིད་འཛིན་ཨེར་དྷོ་ཝན་གྱིས་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་མོས་མཐུན་ཡོད་པའི་བརྡ་ཞིག་བཏང་ཞིང་། དེ་བཞིན་ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ལོགས་སུ་ནུབ་ཆིངས་ཁོངས་སུ་ཞུགས་ན་ཏུར་ཀིའི་གཞུང་གིས་ཧྥིན་ལན་ཌིའི་སྙན་ཞུ་དེར་བསམ་ཞིབ་བྱེད་ཆོག་ཅེས་བསྒྲགས། ཁ་སང་གཟའ་ལྷག་པའི་ཉིན་ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ཀྱིས་མཉམ་དུ་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡོད། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀ་ནུབ་ཆིངས་ཁོངས་སུ་མཉམ་དུ་ཚུད་རྒྱུའི་ལངས་ཕྱོགས་འཛིན་རྒྱུ་ཡིན། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཚུད་པའི་ཐབས་ལམ་མགྱོགས་ཤོས་ནི་རྒྱལ་ཁབ་གཉིས་ཀར་མཉམ་དུ་ཆོག་མཆན་འགོད་རྒྱུ་དེ་རེད་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་ཁག་ཅིག་གིས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་འགོག་གི་ཡོད་པ་ནི་རྒྱལ་ནང་གི་ཆབ་སྲིད་ལ་འབྲེལ་བ་འདུག ད་ལོའི་ཕྱི་ཟླ་༥་པའི་ནང་དུ་ཏུར་ཀི་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་སྲིད་འཛིན་ཨེར་དྷོ་ཝན་གྱིས་རང་ཉིད་བསྐྱར་དུ་འདེམས་ཐོན་ཡོང་རྒྱུར་དམིགས་ནས་སུད་ཌེན་གྱི་སྟེང་དུ་མཁྲེགས་པོ་བྱེད་ཀྱི་ཡོད་པ་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་ཧང་གྷ་རིའི་ཕྱི་སྲིད་བློན་ཆེན་དང་ཏུར་ཀིའི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་རྒྱལ་ས་བྷུ་དྷ་ཕེ་སི་ཊིར་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་འདོད་ཡོད་པ་དང་ཏུར་ཀིའི་རྒྱབ་སྐྱོར་ཐོབ་དགོས་ན་སྤྱོད་པ་མ་འདྲ་བ་ཞིག་འཛིན་དགོས། ཏུར་ཀིའི་གཞུང་ཚབ་ཁང་གི་མདུན་དུ་ཁ་ཆེའི་བཀའ་དེབ་མེར་སྲེག་བཏང་སྟེ་ངོ་རྒོལ་བྱེད་དུ་བཅུག་པ་ནི་མ་འགྲིག་པ་རེད། ང་ནི་ཡེ་ཤུ་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ཡིན་རུང་ཆོས་ལུགས་གཞན་གྱི་གསུང་རབ་མེར་སྲེག་གཏོང་དུ་བཅུག་པར་ངོས་ལེན་གཏན་ནས་མེད། དེ་ནི་གུས་ཞབས་གཏན་ནས་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱས་འདུག ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོ་ཧང་གྷ་རི་དང་འདྲ་བར་ནུབ་ཆིངས་རྒྱ་བསྐྱེད་རྒྱུར་མོས་མཐུན་ཡོད། སུད་ཌེན་གྱིས་ཁ་ཆེའི་བཀའ་དེབ་མེར་བསྲེགས་ཏེ་འཁྲུག་རྩོད་སློང་གི་ཡོད་པས་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་དེར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག་ཅེས་བཀྲལ། ༢༠༢༢་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་སྲིད་བློན་ཨོར་བྷན་གྱིས་༢༠༢༣་ལོའི་མགོ་སྟོད་དུ་ཧང་གྷ་རིའི་གཞུང་གིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་ཆོག་མཆན་འགོད་རྒྱུ་ཡིན། ནུབ་ཆིངས་རྒྱ་སྐྱེད་ལ་ཐུག་ན་ཧང་གྷ་རིའི་གཞུང་གིས་ཐག་གཅོད་གསལ་པོ་བྱས་ནས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ལ་བརྡ་འཕྲོད་ཡོད་ཅེས་བཤད། ཧྥིན་ལན་ཌིའི་སྲིད་བློན་ས་ན་མ་རིས་ཧང་གྷ་རི་དང་ཏུར་ཀི་གཉིས་ཀྱིས་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་འགོག་མི་སྲིད་ཀྱང་ཆོག་མཆན་འགོད་རྒྱུ་དེར་ནར་འགྱངས་གཏོང་རྒྱུའི་ཉེན་ཁ་འདུག་ཅེས་གླེང་། ཧང་གྷ་རིས་ནུབ་ཆིངས་རྒྱ་སྐྱེད་ནར་འགྱངས་གཏོང་གི་ཡོད་པ་དེར་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། སི་ལ་ཝ་ཀི་ཡ་རྣམས་ཁོང་ཁྲོས་བརྟས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG