ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

 ནུབ་ཆིངས་དང་ཉི་ཧོང་གི་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་དམ་བཅའ། 


༄༅།། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་ཟུང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་གཏོང་རྒྱུ་ཡིན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་རྒྱ་ནག་ལ་དམག་དོན་འབྲེལ་བ་རྒྱ་སྐྱེད་གཏོང་གི་ཡོད་པས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་མྱོང་མེད་པའི་བདེ་འཇགས་ཀྱི་ཉེན་ཁ་ཞིག་འཕྲད་ཀྱི་འདུག་ཅེས་གཏམ་བཤད་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཏེ་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོར་ཡུཀ་རེན་ལ་མཚོན་ཆ་རོགས་རམ་མང་དུ་གཏོང་དགོས་པ་དང་རྒྱ་ནག་ཀྱང་ཨེ་ཤི་ཡའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་ཉེན་བརྡ་བཏང་ཞིང་། ཉི་ཧོང་གི་སྲིད་བློན་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཐུན་མོང་གི་གསལ་བསྒྲགས་ནང་དུ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་དང་རྒྱ་ཨུ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཡར་རྒྱས་གཏོང་གི་ཡོད་པ་རྣམས་གླེང་། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨུ་རུ་སུར་ཡུཀ་རེན་གྱི་དམག་འཁྲུག་གི་རྒྱལ་ཁབ་ཐོབ་ན་རྒྱ་ནག་དཔའ་སྟོབས་བསྐྱེད་དེ་ཐེ་ཝན་ལ་ཐུབ་ཚོད་དང་བཙན་འཛུལ་གྱི་སྡིགས་ར་བསྐུལ་རྒྱུ་སྡུག་ཏུ་འགྲོ་ཤས་ཆེ། ད་ལྟའི་དམག་འཁྲུག་འདི་ཡུ་རོབ་གླིང་གི་དམག་འཁྲུག་ཁོ་ན་མིན་པར་འཛམ་གླིང་གི་སྒྲིག་སྲོལ་ཁག་ལ་ཁ་གཏད་གཅོག་གི་ཡོད་པ་རེད། དེང་སྐབས་ཡུ་རོབ་ལ་ཅི་ཞིག་འབྱུང་གི་ཡོད་པ་དེ་སང་ཉིན་ཨེ་ཤི་ཡའི་ཤར་ཕྱོགས་སུ་མི་འབྱུང་བའི་ངེས་པ་མེད། རྒྱ་ནག་གིས་གཟབ་ནན་གྱིས་བལྟས་བསྡད་ཡོད་པ་དང་མིག་སྔའི་ཉམས་མྱོང་ལ་གཞིགས་ནས་མ་འོངས་པར་རྒྱ་ནག་གི་ཐག་གཅོད་བྱེད་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཐུབ་ཅེས་ནན་བརྗོད་བྱས་འདུག ད་ལོའི་ཕྱི་ཟླ་༥་པའི་ནང་དུ་ཉི་ཧོང་གིས་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཚོགས་གཙོའི་འགན་ཁུར་བཞེས་ཀྱི་ཡོད་པས་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཡས་མས་སུ་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཚོགས་གཙོའི་མཚན་ཐོག་ཏུ་ཡུཀ་རེན་ལ་འཚམས་འདྲིར་ཕེབས་སྲིད་པའི་གནས་ཚུལ་ཐོན།།

ནུབ་ཆིངས་ནི་ཡུ་རོབ་དང་ཨ་བྱང་རིའི་རྒྱལ་ཁབ་༣༠་ཐམ་པས་བཙུགས་པའི་དམག་དོན་སྒྲིག་འཛུགས་ཤིག་ཡིན་པ་དང་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་མིན་མོད། འོན་ཀྱང་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་འཛམ་གླིང་ཡོངས་སུ་ཞི་བདེ་བརྟན་ལྷིང་མེད་པར་གྱུར་ཏེ་ནུབ་ཆིངས་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་བསྟན། སྔ་ལོ་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་གཉིས་ཟུར་ཉན་པའི་གནས་བབ་ཐོག་ཏུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་ཁག་གི་ཚོགས་ཆེན་ལ་ཞུགས། འདི་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་མ་ཡིན་པ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་གཉིས་ནུབ་ཆིངས་ཀྱི་ཚོགས་ཆེན་ལ་ཞུགས་པ་ཐེངས་དང་པོ་ཡིན་ཞིང་། ན་ནིང་ལོ་མཇུག་དེར་ཉི་ཧོང་གིས་དམག་དོན་འགྲོ་གྲོན་མང་དུ་བཏང་སྟེ་རྒྱལ་སྲུང་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད། ཨ་རི་དང་རྒྱ་ནག་གི་འཕྲོ་ནས་ཉི་ཧོང་དམག་དོན་ལ་འགྲོ་གྲོན་མང་ཤོས་གཏོང་མཁན་རྒྱལ་ཁབ་ཨང་གསུམ་པར་གྱུར། ཉི་ཧོང་དང་ནུབ་ཆིངས་གཉིས་མཚོ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མཚོན་ཆ་བཀག་སྡོམ། དྲྭ་ལམ་སྲུང་སྐྱོབ་དང་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ལ་འགོག་རྒོལ། ད་ལྟའི་འཐབ་ཇུས་ཁོར་ཡུག་གི་དགོས་མཁོར་གཞིགས་ནས་ཕྱོས་གཉིས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་གཏོང་རྒྱུའི་གྲོས་མོལ་བྱུང་། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཏེ་འབྲེལ་བ་ཡར་གཏོང་གི་ཡོད་པར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་དོགས་འདྲོག་ལངས། པེ་ཅིང་དང་ཕིང་དབྱང་གཉིས་ཀས་ནུབ་ཆིངས་སྒྲིག་འཛུགས་རང་གི་ས་མཚམས་ལས་བརྒལ་ཏེ་ཨེ་ཤི་ཡའི་མངའ་ཁུལ་དུ་ཐེ་ཇུས་བྱ་རྒྱུ་འགོ་འཛུགས་ཀྱི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་ང་ཚོས་རང་གི་ཟླ་གྲོགས་རྒྱལ་ཁབ་ཚང་མར་མཉམ་འབྲེལ་བྱེད་ཀྱི་ཡོད་པ་དང་འཛམ་གླིང་གི་སྒྲིག་སྲོལ་ཁག་ལ་ཁ་གཏོར་བརླག་བྱེད་ཀྱི་མེད། རྒྱ་ནག་ནི་རྒྱལ་ཁབ་སུ་གཅིག་གི་བདེ་འཇགས་དང་ཁེ་ཕན་ལ་ཉེན་ཁ་ཞིག་མིན། དེ་ལས་ལྡོག་སྟེ་ནུབ་ཆིངས་ཀྱིས་རང་གི་ས་མཚམས་བརྒལ་ནས་རྒྱང་ཐག་རིང་པོར་ཐེ་ཇུས་བྱེད་ཀྱི་ཡོད་པ་བློ་འཚབ་བྱེད་དགོས་པ་ཞིག་རེད། ནུབ་ཆིངས་ནི་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་སྒྲིག་འཛུགས་ཤིག་ཡིན་ཟེར་གྱི་ཡོད་ཀྱང་རྟག་ཏུ་རང་གི་མངའ་ཁོངས་ལས་བརྒལ་ཏེ་ས་ཆ་གསར་པ་དབང་དུ་བསྡུ་ཡི་འདུག དཔེར་ན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་དམག་དོན་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འབྲེལ་བ་འཛུགས་ཡོད་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་དོགས་ཟོན་བྱ་དགོས། ནུབ་ཆིངས་ཀྱིས་གྲང་དམག་གི་བསམ་བློའི་ལྟ་བ་དང་གདོང་ཐུག་གི་བསམ་བློའི་ཁྱེར་སོ་རྣམས་འདོར་དགོས། ནུབ་ཆིངས་ཀྱིས་ཡུ་རོབ་གླིང་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལམ་ཕྱོགས་མ་ནོར་བ་དེར་བསྐྱོད་དགོས་པར་མ་ཟད། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ནང་ཁུལ་དུ་མཉམ་འབྲེལ་བྱས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང། འཛུགས་སྐྲུན་དང་ཡར་རྒྱས་བཅས་ལ་ཤུགས་སྣོན་བརྒྱབ་ནས་དར་སྤེལ་གཏོང་དགོས་ཞེས་འབོད་སྐུལ་ཞུས། གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཀིམ་ཏུང་མེང་གིས་བྲིས་པ་རེད་ཅེས་རྩོམ་ཡིག་ཅིག་སྤེལ་ནས་ནུབ་ཆིངས་ལ་སྔ་མོ་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་སྐྱེད་བྱ་འདོད་ཡོད་པ་གསལ་པོ་རེད། སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གི་འཚམས་འདྲི་འདི་ཨེ་ཤི་ཡའི་ནུབ་ཆིངས་ཤིག་འཛུགས་རྒྱུའི་ཀུན་སློང་མིན་ནམ་ཞེས་བསྒྲགས།།

ཁ་སང་གཟའ་ཟླ་བའི་ཉིན་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ལྷོ་ཀོ་རི་ཡའི་ཆེ་ཡེ་མཐོ་རིམ་ཞིབ་འཇུག་ཁང་དུ་ང་ཚོས་རྒྱ་ནག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ནུབ་ཆིངས་ཀྱིས་རྒྱ་ནག་ཁ་གཏད་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད། ང་ཚོས་མཚོན་ཆ་བཀག་སྡོམ་དང་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་སོགས་ཀྱི་ཐད་རྒྱ་ནག་ལ་མཉམ་འབྲེལ་བྱ་འདོད་ཡོད། རྒྱ་ནག་ང་ཚོའི་ལྟ་གྲུབ་དང་ཁེ་ཕན། བདེ་འཇགས་ལ་ཉེན་ཁ་ཞིག་རེད་བསམ་གྱི་ཡོད། དེས་ན་ནུབ་ཆིངས་ཀྱིས་དོ་སྣང་བྱ་དགོས་པའི་གྲས་སུ་རྒྱ་ནག་གཙོ་བོ་ཞིག་ཡིན། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་པར་བློ་འཚབ་ཆེན་པོ་ཡོད། གལ་སྲིད་ཀོ་རི་ཡའི་ཕྱེད་གླིང་དུ་དམག་འཁྲུག་ཅིག་ལངས་ཚེ། ངས་ཡུལ་དུས་ལ་དཔགས་ནས་ཐལ་ཆ་ཅན་གྱི་སྐད་ཆ་བཤད་རྒྱུ་མིན། ཀིམ་ཇོང་ཨུན་གྱིས་འཇིགས་སྐུལ་གྱི་ངར་སྐད་སྒྲོགས་ཀྱི་ཡོད་པ་དང་འཕུར་མདེལ་ཚོད་ལྟ། རྡུལ་ཕྲན་ལས་གཞི་གཉེར་གྱི་ཡོད་པ་རྣམས་ཉེན་ཁ་ཅན་ཞིག་རེད་ཅེས་གསལ་སྟོན་བྱ་རྒྱུ་ཡིན། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་གྲོས་ཆོད་བཞག་པ་རྣམས་བརྩི་སྲུང་བྱས་ཏེ་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅེས་གཏམ་བཤད་བྱས་འདུག ཡིན་ནའང་འདས་པའི་ལོ་དེར་ཀིམ་ཇོང་ཨུན་གྱིས་འཕུར་མདེལ་ཚོད་ལྟ་དང་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ལྷོ་ཀོ་རི་ཡའི་ས་མཚམས་སུ་འཁྲུག་རྩོད་བསླངས། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཉེས་ཆད་བཅད་པའི་གྲོས་ཆོད་ཁག་ལག་ལེན་བསྟར་རྒྱུ་མཚམས་བཞག ད་དུང་བྱང་ཀོ་རི་ཡས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་སྒྱོགས་མདེལ་སོགས་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་འཚམས་འདྲིར་ཕེབས་པར་འཕྲལ་ཕུགས་ཀྱི་དགོས་མཁོ་གཉིས་འདུག ཕུགས་ཀྱི་དགོས་མཁོ་ནི་ནུབ་ཆིངས་ཀྱིས་རྒྱ་ནག་དང་བྱང་ཀོ་རི་ཡར་ཁ་གཏད་གཅོག་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་མངོན། འཕྲལ་གྱི་དགོས་མཁོ་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་པོ་ལན་ཌི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་དམག་འཐབ་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ་ཉོ་ཚོང་གི་གྲོས་མཐུན་བཞག་ཡོད་ཅིང་། སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ལྷོ་ཀོ་རི་ཡས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་བྱ་དགོས་པའི་སྐུལ་ལྕག་གཏོང་རྒྱུའི་ཆེད་དུ་རེད་ཅེས་བཀྲལ། ཨ་རིའི་བདེ་འཇགས་ཞིབ་འཇུག་གསར་པའི་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཇཱིམ་ཊོན་སེན་ཌེས་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ནི་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་བློ་སེམས་བདེ་རུ་འགོད་ཐབས་དང་འཚམས་འདྲིའི་དུས་ཚོད་དེ་གནད་འགག་ཆེན་པོ་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས། རྒྱ་ནག་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་དོ་སྣང་བྱེད་དགོས་པ་ཞིག་ཏུ་འགྱུར་གྱི་འདུག ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་ཨེ་ཤི་ཡ་དང་ནུབ་ཆིངས་གཉིས་མཉམ་འབྲེལ་བྱེད་ཐུབ་པའི་རྣམ་པ་ཐོན། ནུབ་ཆིངས་ཀྱིས་རྒྱ་ནག་དང་བྱང་ཀོ་རི་ཡར་ཉེན་བརྡ་གཏོང་རྒྱུ་དང་ཨུ་རུ་སུའི་ཤུགས་རྐྱེན་ཨེ་ཤི་ཡར་ཁྱབ་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་སོགས་རེད་ཅེས་བཤད། ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་བྱང་ཀོ་རི་ཡས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཇེ་དང་རྒྱ་ནག་གིས་ཐེ་ཝན་ལ་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་སོང་སྟེ་ནུབ་ཆིངས་ཀྱིས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྲ་བརྟན་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG