ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས།


༄༅།། ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་སུད་ཌེན་གྱིས་ལོ་༢༠༠་ལྷག་ལ་ཕྱོགས་སྒྲིག་སྤངས་པའི་སྲིད་ཇུས་བཟུང་བ་མཇུག་སྒྲིལ་ཏེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་སུད་ཌེན་གྱི་སྲི་བློན་ཨན་ཌར་སན་གྱིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པ་ནི་རྒྱལ་ཁབ་འདིའི་བདེ་འཇགས་སྲིད་ཇུས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཞིག་ཡིན། ང་ཚོ་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་འཆར་ཡོད། ནུབ་ཆིངས་ཁོངས་སུ་ཞུགས་ན་སུད་ཌེན་གྱི་བདེ་འཇགས་ལ་འགན་ལེན་འདུག་ཅེས་གྲོས་ཚོགས་འཐུས་མི་ཚོར་གཏམ་བཤད་བྱས་འདུག གཟའ་ཟླ་བའི་ཉིན་སུད་ཌེན་གྱི་རྒྱལ་སྲུང་བློན་ཆེན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚམས་འདྲིར་ཕེབས་ནས་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ལ་ཐུག་འཕྲད་གྲོས་མོལ་དང་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་འདོད་ཡོད་ཅེས་གསལ་བསྒྲགས་སྤེལ། ད་དུང་སུད་ཌེན་གྱི་གྲོས་ཚོགས་འཐུས་མི་ཚོས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་སྦྱངས་བཤད་བྱེད་དགོས་ཀྱང་གཞུང་འཛིན་ཚོགས་པའི་འཐུས་མི་མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་གྲོས་ཚོགས་ཀྱི་གྲོས་སྡུར་ནི་ཆོ་ག་ཙམ་དུ་ཟད། ཉེ་ཆར་སུད་ཌེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པའི་རྗེས་སུ་སུད་ཌེན་ཡང་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་བཅད། སྲིད་བློན་ཨན་ཌར་སན་གྱིས་ཨུ་རུ་སུའི་སྤྱོད་པར་སྐབས་རིང་འགྱུར་བ་ཐེབས་རྒྱུའི་རྟགས་མཚན་བྲལ། སུད་ཌེན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཐབས་ལམ་མཆོག་ཏུ་གྱུར་པ་ནི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེ་རེད་ཅེས་སྒྲུབ་བྱེད་བཀོད།།

སྔོན་ཆད་ཨུ་རུ་སུའི་གཞུང་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་མི་ཆོག་ཅེས་ཉེན་བརྡ་བཏང་མོད། འོན་ཀྱང་གཟའ་ཟླ་བའི་ཉིན་ཕུ་ཊིན་གྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པ་གནད་འགག་ཅིག་མ་རེད། ཧྥིན་སུད་གཉིས་ཀྱི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དམག་སྒར་ཚུགས་ནས་རྡུལ་ཕྲན་མཚོན་ཆ་བཙུགས་ན་ཨུ་རུ་སུས་ལན་པ་སློག་དགོས་ཐུག་ངེས་རེད་ཅེས་དེ་སྔ་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་རྒྱལ་ཁབ་༦་གི་དམག་དོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱས་ཤིང་། ཧྥིན་ལན་ཌི་དང་སུད་གཉིས་ཀས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་མཉམ་དུ་འབུལ་རྒྱུ་དང་སུད་ཌེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་གོང་དུ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱེད་ཚེ། སུད་ཌེན་གྱི་བདེ་འཇགས་སྲུང་སྐྱོབ་ཡོད་པ་ཞིག་བཀོད་སྒྲིག་བྱེད་ཀྱི་ཡོད་པ་སྟེ། ཉེ་ཆར་དབྱིན་ཇི་དང་ཨ་མི་རི་ཀས་བར་བརྒལ་གྱི་དུས་སྐབས་དེར་ཧྥིན་སུད་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁག་ཐེག་དང་གྲོས་མཐུན་བཞག སུད་ཌེན་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཁེ་རི་སི་ཊར་སན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པ་ལྟར་རྒྱལ་ཁབ་གཞན་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཕྲོག་མི་ཐུབ། སུད་ཌེན་དང་ཧྥིན་ལན་ཌི་གཉིས་ལ་འཇིགས་སྐུལ་བྱེད་མི་ཐུབ། ང་ཚོ་དང་ཁྱིམ་མཚེ་རྒྱལ་ཁབ་ཁག་གི་འབྲེལ་བའམ། ཡང་ན་ཧྥིན་སུད་གཉིས་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བར་དབྱེན་སྦྱོར་བྱེད་ཐུབ་བསམ་གྱི་ཡོད་པ་འདྲ། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་སྲིད་བློན་ཨན་ཌར་སན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། སུད་ཌེན་ནི་ཡུ་རོབ་བྱང་ཕྱོགས་ཀྱི་དམག་ཤུགས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་རུང་དུས་རབས་གཉིས་ལྷག་ལ་དཔུང་སྒྲིག་སྤངས་ནས་ལོགས་སུ་བསྡད། གྲང་དམག་དུས་སུའང་ཧྥིན་ལན་ཌི་ཇི་བཞིན་སུད་ཌེན་ཡང་བཏང་སྙོམས་སུ་གནས་ཏེ་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་གང་གི་ཕྱོགས་སུའང་མ་ལངས།།

༡༩༩༡་ལོར་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་ཕྱིན་པའི་རྗེས་སུ་ཧྥིན་སུད་གཉིས་ཀྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འབྲེལ་བ་དམ་ཟབ་བཙུགས་ཏེ་མཉམ་འབྲེལ་དམག་སྦྱོང་ལ་ཞུགས། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་སུད་གཉིས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་ལ་རྦད་དེ་འགྱུར་བ་ཐེབས་པར་མ་ཟད། རྒྱལ་ཁབ་དེ་དག་གི་མང་ཚོགས་ཀྱིས་ཀྱང་ནུབ་ཆིངས་ཁོངས་སུ་ཞུགས་དགོས་ཞེས་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་། ཧྥིན་སུད་གཉིས་ཀྱི་འགོ་ཁྲིད་ཚོས་འཕྲལ་དུ་ཨ་རི་དང་དབྱིན་ཇི། འཇར་མན་ཎི་དང་དེ་མིན་གྱི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱས་ནས་ཚོགས་ཁོངས་དེར་འཇུག་རྒྱུའི་རྒྱབ་སྐྱོར་བཙལ། གཟའ་ཉི་མར་སུད་ཌེན་གྱི་སྔོ་ལྗང་ཚོགས་པ་དང་གཡོན་ཕྱོགས་ཚོགས་པའི་གྲོས་ཚོགས་འཐུས་མི་ཉུང་ཤས་ཀྱིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དགག་པ་བརྒྱབ། སུད་ཌེན་གྱི་གཡོན་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས་མི་དམངས་ལ་ནུབ་ཆིངས་ཁོངས་སུ་ཞུགས་དགོས་མིན་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས། ང་ཚོ་ནུབ་ཆིངས་ཁོངས་སུ་ཞུགས་ན་བྷོལ་ཊིཀ་མངའ་ཁུལ་གྱི་ཛ་དྲག་ཆེ་རུ་འགྲོ་ས་རེད་ཅེས་གྲོས་གཞི་བཏོན། སྲིད་བློན་ཨན་ཌར་སན་གྱི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་སོགས་དེ་ལ་མ་འཐད། སྲིད་བློན་ཨན་ཌར་སན་གྱིས་ནོར་ཝེ་དང་ཌན་མག་གིས་རང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དམག་སྒར་དང་རྡུལ་མཚོན་ཆ་འཇོག་ཏུ་འཇུག་གི་མེད་པ་ལྟར་སུད་ཌེན་གྱིས་ཀྱང་རང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དམག་སྒར་དང་རྡུལ་ཕྲན་མཚོན་ཆ་འཇོག་ཏུ་འཇུག་རྒྱུ་མིན་ཞེས་ལངས་ཕྱོགས་གསལ་པོར་བསྟན།།

གཟའ་ཟླ་བའི་ཉིན་ཧྥིན་ལན་ཌིར་འཚམས་འདྲིར་ཕེབས་པའི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ཨ་རིའི་གྲོས་ཚོགས་སུ་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་ཆེན་པོ་ཡོད་ཅེས་གཏམ་བཤད་བྱས་འདུག འོན་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པ་ཡོད་པ་དེ་དག་གིས་ཚོགས་འཐུས་གསར་པ་འཇུག་རྒྱུ་དེར་མོས་མཐུན་དང་ཆོག་མཆན་འགོད་དགོས། བདུན་ཕྲག་སྔོན་མར་ཏུར་ཀིའི་གཞུང་གིས་ཧྥིན་སུད་གཉིས་ཀྱིས་ཀུར་དྷི་མི་རིགས་ཀྱི་དྲག་འཐབ་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག དྲག་འཐབ་པ་ཁག་ཅིག་ཏུར་ཀིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རྣམས་རེད་ཅེས་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་བརྡ་ཞིག་བཏང་ཞིང་། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་འཇར་མན་ཎིར་ཚོགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཕྱི་སྲིད་བློན་ཆེན་ཚོའི་ཚོགས་འདུའི་ཐོག་ཏུ་ང་ཚོས་སུ་གཅིག་ལ་འཇིགས་སྐུལ་དང་ངན་ལན་སློག་གི་མེད། སུད་ཌེན་གཞུང་གིས་ཀུར་དྷི་མི་རིགས་ཀྱི་ཕི་ཁེ་ཁེ་ཚོགས་པའི་དྲག་འཐབ་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག ཕི་ཁེ་ཁེ་དྲག་སྤྱོད་ཚོགས་པ་ནི་ཏུར་ཀི་དང་ཨ་རི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པར་ངོས་འཛིན་བྱེད་ཡོད་པ་རེད། སུད་ཌེན་གྱིས་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་མཚམས་བཞག་སྟེ་ང་ཚོར་བདེ་འཇགས་བསྐྲུན་དགོས་ཞེས་བསྒྲགས། དེར་བརྟེན་སུད་ཌེན་གྱི་རྒྱལ་སྲུང་ལྷན་ཁང་གིས་མྱུལ་དུ་སྐུ་ཚབ་ཚོགས་པ་ཞིག་ཏུར་ཀིར་བཏང་སྟེ་གྲོས་སྡུར་བྱ་འཆར་ཡོད་ཅེས་སྤྱི་དམངས་རླུང་འཕྲིན་ཁང་ལ་བཤད།།

ཕྱི་ཟླ་༥་པའི་ཚེས་༡༦་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གསུམ་འགྲོ་གྲབས་ཡོད་པའི་སྐབས་འདིར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་འབྱུང་གི་འདུག ཡུཀ་རེན་གཞུང་དམངས་གཉིས་ཀྱི་དཔའ་སྟོབས་ཞུམ་པ་མེད་པར་ཨུ་རུ་སུར་འཐབ་རྒོལ་བྱེད་ཀྱི་ཡོད་པ་དང་ནུབ་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཅས་ཀྱིས་ཡུཀ་རེན་ལ་རྒྱལ་ཁ་འཐོབ་ངེས་རེད་ཅེས་གཏམ་བཤད་བྱས་འདུག ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཇུས་ཉེས་འབྱུང་གི་ཡོད་པ་ལྟར་ཡུཀ་རེན་ཤར་ཕྱོགས་སུ་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པར་གྲུབ་འབྲས་མ་ཐོན། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་གཞུང་གིས་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཁག་ཨང་གཉིས་པ་ཁར་ཀིབ་ནས་ཨུ་རུ་སུའི་དམག་དཔུང་རྣམས་ས་མཚམས་བར་དུ་མཐར་སྐྲོད་བཏང་བ་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཁག་ཅིག་གིས་ཕུ་ཊིན་འུ་ཐུག་ན་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་ཅེས་ཉེན་བརྡ་བཏང་འདུག ཡིན་ནའང་སྲིད་དོན་ཚན་རིག་པ་དང་རྡུལ་ཕྲན་མཚོན་ཆའི་མཁས་པ། ཨུ་རུ་སུར་ཉམས་ཞིབ་བྱེད་མཁན་ནུབ་ཕྱོགས་པའི་མཁས་པ་ཉམས་མྱོང་རྒད་པོ་ཚོས་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་འཕེན་མི་ཕོད། ད་ལྟ་ཇི་བཞིན་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་དཔུང་ལ་འཐབ་རྒོལ་བྱེད་དུ་བཅུག་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་དམག་འཁྲུག་དེར་མ་ཞུགས་ན་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་ཆུང་། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་བ་དང་དམག་འཁྲུག་དེར་ལྐོག་ཞུགས་བྱ་རྒྱུ་ཐལ་དྲགས་ན་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་ཉེན་ཁ་འབྱུང་སྲིད་ཅེས་གསལ་སྟོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG