ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་ཁྲིམས་གཞི་མཚམས་སྦྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྟེ། དམངས་གཙོ་ཚོགས་པའི་འཐུས་མི་བྷོབ་མེན་ཌེ་ཛིས་སྤྱི་ཟླ་༤་པའི་ཚེས་༨་ཉིན་༢༠༢༡་ལོར་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པར་འཛིན་དགོས་པའི་འཐབ་ཇུས་ཀྱི་ཁྲིམས་གཞི་གསར་པ་ཞིག་བཏོན་ཡོད་ཅིང་། དེ་ལ་གྲོས་ཚོགས་གོང་མའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཐོབ་ཡོད་པར་མ་ཟད། ཉིན་འགའ་ཤས་རྗེས་སུ་ཁྲིམས་གཞི་དེ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ལ་ཕུལ་ནས་ཞིབ་འཇུག་བྱེད་དུ་འཇུག་འཆར་འདུག་ཅེས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱིམ་རི་ཤིས་བསྒྲགས། ཁོང་གིས་འདི་ནི་ཨ་རིའི་གྲོས་ཚོགས་གོང་མའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་མ་འོངས་པར་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཐུན་མོང་གིས་རྒྱབ་སྐྱོར་འཐོབ་དགོས་པའི་ཁྲིམས་གཞི་གལ་ཆེན་ཞིག་རེད་ཅེས་བསྟན།།

༢༠༢༡་ལོའི་འགྲན་སློང་འཐབ་ཇུས་ཀྱི་ཁྲིམས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པའི་ལོ་བཅུ་གྲངས་ཤིག་གི་རིང་ལ་ཨ་རིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཁྱབ་ཁུངས་ཡོད་ཚད་དུ་རྒྱ་ནག་ལ་འགྲན་སློང་བྱེད་ཐུབ་པའི་སྟོབས་ཤུགས་ཁག་ཐེག་བྱ་རྒྱུ། ཨ་རིས་རྒྱ་ནག་སྲིད་གཞུང་གིས་བཏོན་པའི་ཕྱི་འབྲེལ་སྲིད་ཇུས་ཉེན་ཁ་ཆེན་པོ་དེ་དག་ལ་གདོང་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞན་རྒྱལ་སྤྱིའི་ཚོགས་པ་ཁག་དང་སྣ་མང་རིང་ལུགས་ཀྱི་ཕྱོགས་ཁག་ལ་ཨ་རིའི་དབུ་ཁྲིད་ཀྱི་ནུས་པ་བསྐྱར་དུ་སྲ་བརྟན་གཏང་རྒྱུའི་དོན་དུ་ཡིན་འདུག

ཁྲིམས་གཞི་གསར་པ་དེ་ནི་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་གཙོ་བོར་འཛིན་རྒྱུ། ཨ་རིའི་ཕྱི་འབྲེལ་ལ་ཤུགས་སྣོན་རྒྱག་རྒྱུ། ཡུ་རོབ་དང་ཨེ་ཤི་ཡ། ཨ་ཧྥི་རི་ཀ་དང་བྱང་སྣ། རྒྱ་མཚོ་ཆེན་མོའི་གླིང་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་གདོང་ལེན་བྱ་རྒྱུ་ཡིན་ཞིང་། ཁྲིམས་གཞི་དེས་འཛམ་གླིང་གི་ཐུན་མོང་རིན་ཐང་ལྟ་གྲུབ་གཞི་བཞག་ཐོག་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ། དམིགས་བསལ་ཧོང་ཀོང་གི་དམངས་གཙོར་སྲུང་སྐྱོབ་བྱ་རྒྱུ། དེ་མིན་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་པ་དང་སྐྱེ་སྒོ་གཅོད་པ་སོགས་རྒྱ་ནག་སྲིད་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་རྩུབ་སྤྱོད་ལ་ཉེས་ཆད་གཅད་རྒྱུ། རྒྱ་ནག་གིས་རིག་གནས་བདག་དབང་རྐུ་ཁྱེར་དང་རྒྱ་ནག་སྲིད་གཞུང་གིས་དེ་དག་ལ་མ་དངུལ་འགྲོ་གྲོན་གཏོང་བ། རྒྱ་ནག་གི་ཧོང་ཀོང་བརྒྱུད་ནས་ཨ་རིའི་ཕྱིར་གཏོང་དོ་དམ་ལ་གཡོལ་ཐབས་བྱེད་སྟངས། ཨ་རིའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཚུད་པའི་རྒྱ་ནག་གི་བཟོ་ཚོང་ཁག་གིས་རྒྱལ་སྤྱིའི་དཔལ་འབྱོར་མཁོ་རྒྱུག་ཐད་ལ་བཙན་འཛུལ་བྱེད་ཕྱོགས་སོགས་ལ་ཞིབ་འཇུག་དང་ལྟ་སྐུལ་བྱེད་དགོས་པའི་བསམ་འཆར་མང་པོ་ཞིག་བཏོན་གནང་འདུག

གཞན་ཡང་ཁྲིམས་གཞི་དེའི་ནང་དུ་ཨ་རིས་དམག་དོན་ཐོག་ཏུ་མཐུན་གྲོགས་རྒྱལ་ཁབ་ཚོར་མཉམ་འབྲེལ་གྱིས་རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་བ་དང་དམག་ཤུགས་རྒྱ་སྐྱེད་གཏོང་ཕྱོགས་ལ་ཁ་གཏད་གཅག་རྒྱུ་དང་རྒྱ་ནག་གི་མེ་ཤུགས་འཕུལ་མདེལ་དང་རྒྱུན་སྤྱོད་ཀྱི་དྲག་ཆས། རྡུལ་ཕྲན་མཚོན་ཆ། མཁའ་དབྱིངས། དྲྭ་རྒྱ། ཐབས་ཇུས་ཁྱབ་ཁུངས་ཀྱི་གནས་ཚུལ་སོགས་ལ་ཨ་རིའི་གྲོས་ཚོགས་ཀྱིས་དུས་བཀག་ལྟར་སྙན་ཞུ་འབུལ་དགོས་པའི་བསམ་འཆར་བཏོན་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་དམངས་གཙོ་ཚོགས་པའི་འཐུས་མི་བྷོབ་མེན་ཌེ་ཛེས་ང་ཚོས་སྤོབས་པ་ལྡན་པའི་སྒོ་ནས་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་ཐབས་ཇུས་གསར་པ་ཞིག་བཏོན་ཡོད། མ་འོངས་པར་ཨ་རིས་ཐབས་ཇུས་ཡོད་ཚད་ལག་ལེན་བསྟར་ནས་རྒྱ་ནག་གི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་གནས་སྟངས་ལ་གདོང་ལེན་བྱ་དགོས། ང་ཚོས་ད་ལྟའི་གནས་སྟངས་ལ་མཉམ་འབྲེལ་གྱི་ཐབས་ཇུས་ཤིག་མཁོ་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་སྟེ་ཨ་རིའི་དབུ་ཁྲིད་ཀྱི་ནུས་པ་བསྐྱར་དུ་སྲ་བརྟན་གཏང་དགོས། དམངས་གཙོའི་རིན་ཐང་ལྟ་གྲུབ་ལ་གཞིར་བཞག་ནས་རྒྱ་ནག་ལ་འགྲན་སློང་བྱེད་དགོས་པའི་ཁྲིམས་གཞི་གསར་པ་དེ་གསལ་བསྒྲགས་བྱེད་ཀྱི་ཡོད་ཅེས་བསྒྲགས། བྷོབ་མན་ཌེ་ཛེས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོས་ཁྲིམས་གཞི་དེ་ལ་སྤྱི་ཟླ་༤་པའི་ཚེས་༢༤་ཉིན་འོས་ཤོས་འཕངས་ནས་གྲོས་ཆོད་འཇོག་དགོས་པའི་གྲོས་མོལ་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG