ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག 


༄༅།། ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་ཕྱི་སྲིད་དྲུང་ཆེ་འོག་མ་ཨུ་ཛི་ར་ཛེ་ཡ་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་འདུག ཕྱི་སྲིད་དྲུང་ཆེའི་གསལ་བསྒྲགས་སུ་འདི་ལྟར་འཁོད།།

ངས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་འོག་མ་ཨུ་ཛི་ར་ཛེ་ཡ་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གཅིག་ལྕོགས་སུ་བསྐོ་བཞག་བྱས་པ་དང་ཁོང་གིས་འཕྲལ་དུ་འགན་བཞེས་གནང་དགོས། ཁོང་གིས་༢༠༢༡་ལོའི་ཕྱི་ཟླ་༧་པའི་ཚེས་༡༤་ཉིན་ལས་ཁུར་དམ་བཅའ་ཕུལ་བ་ལྟར་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེ་འོག་མའི་ལས་འགན་ཡང་སྔར་བཞིན་རྒྱུན་འཁྱོངས་གནང་དགོས།།

དམིགས་བསལ་འབྲེལ་མཐུད་པ་ཇེ་ཡས་༢༠༠༢་ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་༢༠༢༠་ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྲོས་ཆོད་ཁག་གི་དགོངས་དོན་ལྟར་ཨ་རིའི་གཞུང་གི་སྲིད་ཇུས་ཁག་དང་ལས་གཞི་ཁག ལས་འཆར་ཁག་ལ་འབྲེལ་མཐུད་གནང་དགོས། ལྷག་པར་དུ་ཁོང་གིས་སྔོན་འགྲོའི་ཆ་རྐྱེན་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ། དེ་མིན་ན་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་པའི་འགོ་ཁྲིད་ཚོར་བོད་དོན་ཐག་གཅོད་ཀྱི་གྲོས་མོལ་བྱེད་དུ་འཇུག་ཐུབ་པའི་རྒྱབ་སྐྱོར་གནང་དགོས། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ཡོང་ཐབས་དང་བོད་པའི་ཆོས་དད་རང་དབང་། དད་མོས་རང་དབང་སོགས་གཞི་རྩའི་རང་དབང་ཁག་ཡར་རྒྱས་གཏོང་རྒྱུ། བོད་པ་ཚོར་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་དང་སྐད་ཡིག་ཅིག་ཡོད་པ་གཅེས་འཛིན་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་རྒྱུ། དམིགས་བསལ་འབྲེལ་མཐུད་པ་ཛི་ཡས་ཨ་མི་རི་ཀས་བོད་པ་བཙན་བྱོལ་བ་ཚོར་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་ཅི་ཞིག་བྱེད་དགོས་པ་ཁག་ལ་གཟིགས་རྟོག་དང་ཨ་མི་རི་ཀ་ཚུད་པའི་འཛམ་གླིང་ཡོངས་ཀྱི་བོད་པའི་ཁ་ཐོར་སྤྱི་ཚོགས་ཁག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་དང་སྡིགས་ར་སྐུལ་བཞིན་པ་རྣམས་གླེང་སློང་གནང་དགོས། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་ཡར་སྐུལ་དང་བོད་མཐོ་སྒང་གི་ཆུའི་ཐོན་ཁོངས་ལ་བདག་སྐྱོང་ཐུབ་པར་དོན་སྙིང་ལྡན་པའི་ལས་དོན་བསྒྲུབ་རྒྱུ། དེ་བཞིན་༢༠༡༨་ལོར་གཏན་འབེབས་བྱུང་བའི་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ལྟར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་དང་གསར་འགོད་པ། སྤྱི་དམངས་རྣམས་བོད་ལ་འགྲོ་འོང་བྱེད་ཐུབ་པའི་ཤུགས་སྣོན་རྒྱག་དགོས།།

དམིགས་བསལ་འབྲེལ་མཐུད་པ་ཛེ་ཡས་གོང་གི་གནད་དོན་དེ་དག་གི་ཐོག་ཏུ་བོད་པའི་རིག་གཞུང་དང་ཆོས་ལུགས། ཆབ་སྲིད་ཀྱི་འགོ་ཁྲིད་ཚོ་དང་ཨ་རིའི་གྲོས་ཚོགས། རྒྱལ་སྤྱིའི་མཐུན་ཕྱོགས་ཁག་དང་ཟླ་གྲོགས་ཁག སྤྱི་དམངས་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ལ་མཉམ་འབྲེལ་དམ་ཟབ་གནང་དགོས།།

བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་འདིས་ཨ་རིའི་གཞུང་གིས་བོད་པའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རིག་གནས་གཅེས་འཛིན་བྱ་རྒྱུ། མི་ཆོས་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ། བོད་མཐོ་སྒང་གི་ཆུའི་ཐོན་ཁོངས་བཅས་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མཚོན་ཐུབ་ཅེས་བཀོད་འདུག

XS
SM
MD
LG