ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་དང་སྐུ་ཞབས་མོ་ཧན་བྷ་ག་ཝ་ཏ་རྣམ་གཉིས་མཇལ་འཕྲད།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཙོ་འཛིན་མོ་ཧན་བྷ་ག་ཝ་ཏ་རྣམ་གཉིས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཁག་མཐུན་སྒྲིལ་བྱེད་དགོས་པ་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེར་ཤུགས་སྣོན་བསྐྱོན་དགོས་ཞེས་བཀའ་མོལ་གནང་འདུག ཉེ་དུས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་གཙོ་འཛིན་མོ་ཧན་བྷ་ག་ཝ་ཏ་དང་ལས་སྣེ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལའི་ཀང་ར་ཁུལ་དུ་གཞུང་དོན་ཕྱོགས་སྐྱོད་ལ་ཕེབས་ཡོད་ཅིང་། ད་ནངས་སྔ་དྲོར་སྐུ་ཞབས་བྷ་ག་ཝ་ཏའི་ཀང་ར་རྫོང་ཁོངས་ཀྱི་མཛད་རིམ་ཁག་ལེགས་གྲུབ་བྱུང་བའི་རྗེས་སུ་དབུ་ཁྲིད་བགྲེས་པ་ཨིན་དྷ་རེ་ཤ་ཀུ་མར་དང་ཚོགས་པའི་དབུ་ཁྲིད་གཞན་པ་ཁག་ཅིག་བཅས་རྒྱལ་བའི་ཕོ་བྲང་དུ་བཅར་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས། སྐུ་ཞབས་ཨིན་དྷ་རེ་ཤཱས་གསར་འགོད་པ་ཚོར་མཇལ་ཁ་ཧ་ཅང་ཡག་པོ་བྱུང་སོང་། ང་ཚོས་བགྲོ་གླེང་གཙོ་བོ་འཛམ་གླིང་འདིར་འཚེ་བ་མེད་པར་ཞི་བདེའི་གོང་འཕེལ་གཏོང་རྒྱུ་སོགས་བྱས་པ་ཡིན། ད་ཆ་རྒྱ་གར་ལ་ཆོས་ལུགས་སྣ་མང་མཉམ་གནས་ཀྱིས་མཐུན་སྒྲིལ་ཡོད་པ་ནི་དམིགས་དཔེར་འོས་པ་ཞིག་ལ་གྱུར་ཡོད། འཛམ་གླིང་འདིར་ཆོས་ལུགས་མཐུན་སྒྲིལ་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བར་ཚང་མས་ཤུགས་སྣོན་བསྐྱོན་དགོས་ཞེས་གསུངས་འདུག

རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཙོ་འཛིན་བྷ་ག་ཝ་ཏས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་སྩལ་དོན་བཞིན་རྒྱ་གར་གྱི་རིག་གཞུང་ནི་ཀུན་ལ་ཁྱབ་པ་དང་རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་གྱི་བསྟི་གནས་ལྟ་བུ་ཞིག་ཡིན། དེ་བཞིན་རྒྱ་གར་གྱི་གཡས་གཡོན་དུ་ཆགས་པའི་ཡུལ་གྲུ་ཡོངས་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་བོད་དོན་འཐབ་རྩོད་ལ་སྐྱིད་སྡུག་མཉམ་མྱོང་ཞུ་བཞིན། ད་ལྟ་ཇི་བཞིན་མ་འོངས་པའང་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། ཁོང་ཚོས་༧གོང་ས་མཆོག་ལ་མཇལ་ཁ་གྲུབ་པའི་རྗེས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། བཀའ་བློན་རྣམ་པ་བཅས་ཀྱིས་ཟུར་དུ་རྒྱ་གར་གྱི་ལས་སྣེ་དེ་དག་ལ་སྣེ་ལེན་གྱི་ཚུལ་དུ་རྒྱལ་བའི་ཕོ་བྲང་དུ་མཇལ་འཕྲད་གནང་ཡོད་པར་མ་ཟད། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཁོངས་སུ་གཞུང་འཛིན་ཚོགས་པའི་མི་སྣ་མང་པོ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་གྱི་སྲིད་ཇུས་ཡིན་རུང་ལོ་རྒྱུས་ཀྱི་ཆ་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གང་གིས་ཀྱང་བོད་ཀྱི་སྔ་མོའི་ལོ་རྒྱུས་ལ་ངོས་འཛིན་བྱེད་དགོས་པའི་ནན་སྐུལ་ཞུས་པ་ཡིན་ཞེས་གསུངས་འདུག

རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་སྣེ་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་སྐབས་སུ་ཀང་ར་ཁུལ་དུ་མང་ཚོགས་འདུ་འཛོམ་གྱི་བྱེད་སྒོ་ཞིག་སྤེལ་བ་དེར་སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་གཙོས་བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་བཅར་ཞིང་། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན་ཉེ་ཆར་སྐུ་ཞབས་མོ་ཧན་བྷ་ག་ཝ་ཏ་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇཱེ་རམ་ཐ་ཀུར་གཉིས་ཀྱང་མཇལ་འཕྲད་བྱུང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG