ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམིགས་འབེན་དུ་བཟུང་བའི་རྒྱལ་སྤྱིའི་སྤྱི་བསྒྲགས། 


༄༅།། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝཪ་རྒྱལ་ཁབ་༥༨་གྱིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་རང་སྣང་གང་དྲན་གྱིས་བཀག་ཉར་བྱེད་ཀྱི་ཡོད་པ་ནི་ཁྲིམས་འགལ་རེད་ཅེས་རྒྱལ་སྤྱིའི་ངོ་བོ་ལྡན་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག སྤྱི་བསྒྲགས་དེར་རྒྱ་ནག་ཅེས་དངོས་སུ་མིང་འབོད་བྱས་མེད་ཀྱང་ཁེ་ན་ཌར་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་དེར་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་༢༧་གྱིས་མིང་རྟགས་བཀོད། ༢༠༡༨་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༠་ནས་རྒྱ་ནག་གཞུང་གིས་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁེལ་ཀོབ་རཱིག་དང་ཚོང་པ་མེ་ཁེལ་སི་པེ་ཝྭོར་གཉིས་བཀག་ཉར་བྱས་ཤིང་། ཕྱིས་སུ་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་དེ་དག་ལ་གསང་ཉུལ་གྱི་ནག་ཉེས་བཙུགས། ཁ་སང་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཁྲིམས་འགལ་དང་མིའི་བཟང་སྤྱོད་ལ་མི་མཐུན་པའི་བཀག་ཉར་དེ་རྒྱལ་ཁབ་ཀུན་གྱི་སྤྱི་དམངས་ཚོར་ཉེན་ཁ་ཞིག་རེད། འདི་ནི་གཏན་ནས་ངོས་ལེན་བྱེད་ཐབས་མེད་པ་དང་ངེས་པར་དུ་མཚམས་འཇོག་བྱ་དགོས་པ་ཞིག་རེད་ཅེས་བསྒྲགས། རང་སྣང་གང་འདྲ་གྱི་བཀག་ཉར་ལ་ངོ་རྒོལ་བྱེད་པའི་སྤྱི་བསྒྲགས་དེར་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་མིང་དངོས་སུ་བཀོད་ནས་སྐྱོན་བརྗོད་བྱས་མེད་ཀྱང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་བཀག་ཉར་བྱེད་ཡོད་པ་རྒྱལ་སྤྱིའི་ཐོག་ཏུ་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར།།

ཉམས་ཞིབ་པ་ཚོས་ཨ་རིའི་འབོད་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝན་ཀྲུག་བཀག་ཉར་བྱས་པར་རྒྱ་ནག་གིས་དགྲ་ལན་སློག་ནས་ཁེ་ན་ཌའི་སྤྱི་དམངས་བཀག་ཉར་བྱས་པ་རེད། གལ་སྲིད་ཁེ་ན་ཌའི་གཞུང་གིས་མེན་ཝན་ཀྲུག་གློད་གྲོལ་བཏང་ན་རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་གློད་གྲོལ་གཏོང་སྲིད་པའི་ཚོད་དཔག་བྱེད། འོན་ཀྱང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་བཀག་ཉར་བྱས་པ་དང་ཁེ་ན་ཌས་མེན་ཝན་ཀྲུག་བཀག་ཉར་བྱས་པར་འབྲེལ་བ་མེད་ཅེས་ངོས་ལེན་བྱེད་ཀྱི་མེད་ཅིང་། དེ་རིང་ཕྱི་ཟླ་༢་པའི་ཚེས་༡༦་ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་ཁབ་༥༨་ཀྱི་སྤྱི་བསྒྲགས་དེ་དོན་དངོས་ལ་འཁྱོག་བཤད་དང་ཀུན་སློང་ངན་པ་ཞིག་རེད། སྤྱི་བསྒྲགས་དེ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་རྒྱལ་སྤྱིའི་གཞུང་འཛིན་མིན་པའི་ཚོགས་པ་ཁག་ལ་རྒྱ་ནག་ནི་རང་སྣང་གང་དྲན་གྱི་སྒོ་ནས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་བཀག་ཉར་བྱེད་མཁན་ཅིག་ལ་ངོས་འཛིན་བྱེད་དུ་འཇུག་ཐབས་ཤིག་རེད། མེང་ཝན་ཀྲུག་བཀག་ཉར་བྱས་པ་ནི་མཐའ་གཅིག་ཏུ་ཆབ་སྲིད་ལ་འབྲེལ་བ་ཡོད་པ་གསལ་པོ་རེད། ཁེ་ན་ཌའི་གཞུང་གིས་དཔུང་སྒྲིག་འུར་སྒྲོགས་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་གྲུབ་འབྲས་འཐོན་མི་སྲིད་ཅེས་དགག་པ་བརྒྱབ།།

རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་བཀག་ཉར་བྱས་པ་དང་ཁེ་ན་ཌས་ཨ་རིའི་འབོད་སྐུལ་ལྟར་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་བདག་པོའི་བུ་མོ་མེན་ཝན་ཀྲུག་བཀག་ཉར་བྱས་ནས་བཟུང་། ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་རྒྱལ་ཁབ་མང་དག་ཅིག་གིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་ཐབས་སུ་སྤྱི་དམངས་རྣམས་བཀག་ཉར་བྱེད་ཀྱི་འདུག འདི་ནི་སྐྱེ་བོ་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་ཞིག་ཡིན་པས་ཆེས་ཐ་ཤལ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་རྒྱལ་ཁབ་མང་དག་ཅིག་ལ་མཉམ་འབྲེལ་བྱ་རྒྱུའི་ཐབས་ཇུས་ཤིག་བསྟེན་གྱི་ཡོད། ༡༩༩༧་ལོར་ས་མེ་སྦས་འཇོག་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་ཆིངས་ཡིག་ཅིག་བཞག་པར་རྒྱལ་ཁབ་༡༣༣་གྱིས་མིང་རྟགས་བཀོད། ད་ལྟ་ཁེ་ན་ཌ་དང་སྤྱི་བསྒྲགས་འདིར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་གིས་སྤྱི་དམངས་བཀག་ཉར་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་ཆིངས་ཡིག་ཅིག་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད། ད་སྔ་ཁེ་ན་ཌའི་གཞུང་གིས་འགོ་ཁྲིད་པའི་རྒྱལ་སྤྱིའི་ཚོགས་པ་འདིར་རྒྱལ་ཁབ་༥༨་ལས་མཉམ་ཞུགས་བྱས་མེད་ཀྱང་རིམ་བཞིན་རྒྱལ་ཁབ་མང་དག་ཅིག་སྒྲིག་འཛུགས་འདིར་མཉམ་ཞུགས་བྱ་སྲིད། རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་ཕལ་ཆེ་བས་རྒྱ་ནག་དང་ཨི་རན། ཨུ་རུ་སུ་དང་བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཉུང་ཤས་ཤིག་གིས་སོ་སོའི་ཁེ་ཕན་སྒྲུབ་ཐབས་དང་ཕ་རོལ་པོར་གནོན་ཤུགས་སྤྲོད་པར་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་བཀག་ཉར་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་དེར་གནོན་ཤུགས་སྤྲོད་ཀྱི་འདུག་ཅེས་བཤད།།

ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གིས་སྐོང་ཚོགས་བྱས་པའི་དྲྭ་ལམ་གྱི་ཚོགས་ཆེན་དེར་ཨ་རི་དང་དབྱིན་ཇི། འཇར་མན་ཎི་སོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་རྒྱབ་སྐྱོར་གྱི་གཏམ་བཤད་ནན་པོ་བྱས་ཡོད་པར་མ་ཟད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཚོགས་ཆེན་དེའི་ཐོག་ཏུ་རང་སྣང་གང་དྲན་གྱི་བཀག་ཉར་ཐབས་ཇུས་ལག་ལེན་བསྟར་ནས་གཞན་ལ་འཇིགས་སྐུལ་བྱེད་པའམ། ཡང་ན་ཕ་རོལ་པོར་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ང་ཚོས་ནམ་ཡང་བཟོད་སྒོམ་བྱེད་མི་ཉན། ལག་བསྟར་འདི་མ་འོས་པ་དང་གདུག་རྩུབ་ཅན་ཞིག་རེད་ཅེས་གཤེ། ཟླ་བ་འདིའི་མགོ་སྟོད་དེར་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་ཁེ་ན་ཌའི་སྲིད་བློན་གཉིས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ་ཨ་རིའི་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་དེ་དག་གློད་གྲོལ་ཡོང་ཐབས་ལ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱ་རྒྱུ་ཡིན་ཞེས་ཁས་བླངས། བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ལ་ཁེ་ན་ཌའི་སྤྱི་དམངས་དེ་དག་གློད་གྲོལ་གཏོང་དགོས་ཞེས་ནན་སྐུལ་བྱས་འདུག ཉེ་དུས་ཤིག་ནས་དབྱིན་ཇི་སོགས་ཀྱི་གྲོས་ཚོགས་སུ་རྒྱ་ནག་དང་ཨི་རན། ཨུ་རུ་སུ་དང་བྱང་ཀོ་རི་ཡ་བཞི་ནི་སྲིད་གཞུང་གི་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་པའི་རང་སྣང་གང་དྲན་གྱིས་ཕྱི་མི་བཀག་ཉར་བྱེད་མཁན་རྒྱལ་ཁབ་༤་ལ་ངོས་འཛིན་བྱ་དགོས་ཞེས་གླེང་སློང་བྱུང་། ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་དང་ཨུ་རུ་སུ་སོགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་ཁས་བླངས་པ་རྣམས་ལག་ལེན་བསྟར་གྱི་ཡོད་པ་ཁེ་ན་ཌའི་སྤྱི་བསྒྲགས་དེས་མཚོན་ཐུབ།།

ཁེ་ན་ཌའི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གཉིས་ཀྱིས་༢༠༢༡།༡།༢༢ ཉིན་ཐེངས་དང་པོར་ཁ་པར་སྟེང་བཀའ་མོལ་གནང་བ།
ཁེ་ན་ཌའི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གཉིས་ཀྱིས་༢༠༢༡།༡།༢༢ ཉིན་ཐེངས་དང་པོར་ཁ་པར་སྟེང་བཀའ་མོལ་གནང་བ།

བདུན་ཕྲག་སྔོན་མར་ཁེ་ན་ཌའི་གསང་བའི་ལས་ཁང་གི་འགན་འཛིན་གྱིས་རྒྱ་ནག་གིས་ཁེ་ན་ཌའི་དམག་དོན་འཐབ་ཇུས་ལ་འབྲེལ་བ་ཡོད་པའི་གསང་བའི་གནས་ཚུལ་དང་ཚོང་ལས་ཀྱི་གཞི་གྲངས་རྣམས་རྐུ་འཁྱེར། ཁེ་ན་ཌའི་རྒྱ་ནག་པའི་ཚོགས་སྡེ་ཁག་ལ་འཇིགས་སྐུལ་དང་ཤུགས་རྐྱེན་ཐེབས་ཐབས། ཁེ་ན་ཌའི་བདེ་འཇགས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདག་དབང་བཅས་ལ་རྒྱ་ནག་ཉེན་ཚབས་ཅན་ཞིག་ལ་འགྱུར་གྱི་འདུག རྒྱ་ནག་གི་ཕྱོགས་གང་ཐད་དུ་ས་ཁམས་ཆབ་སྲིད་ལ་དབང་སྒྱུར་བྱ་ཐབས་བྱེད་ཀྱི་ཡོད་པ་སྟེ། དཔལ་འབྱོར་དང་འཕྲུལ་རྩལ། ཆབ་སྲིད་དང་དམག་དོན། རྒྱ་གཞུང་གི་སྟོབས་ཤུགས་དང་སྒྲིག་འཛུགས་ཁག་བརྒྱུད་ནས་ལས་དོན་དེ་རྣམས་སྒྲུབ་ཐབས་བྱེད་ཀྱི་འདུག ཁེ་ན་ཌའི་སྨན་སྦྱོར་ལག་རྩལ་དང་བཅོས་སྒྲིག་རྣམ་དཔྱོད། གློག་ཀླད་དང་རྒྱ་མཚོ། མཁའ་དབྱིངས་ཞིབ་འཇུག་བཅས་ཀྱི་ཚན་པ་ཁག་གི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གི་རྐུ་འཁྱེར་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་སོང་། རྒྱ་ནག་གིས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་གཞུང་འབྲེལ་མི་སྣ་ཟུར་པ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པ་རྣམས་རྩད་གཅོད་བྱེད་ཀྱི་ཡོད་ཅེས་ཁེ་ན་ཌའི་སྤྱི་དམངས་སུ་གྱུར་པའི་རྒྱ་ནག་པ་ཚོར་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག རྒྱ་ནག་གི་སྤྱོད་པ་འདི་ཁེ་ན་ཌའི་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་ཡོད་པ་ཞིག་རེད་ཅེས་བཤད། ན་ནིང་ཕྱི་ཟླ་༡༡་པར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་ཨུ་རུ་སུ། ཨི་རན་དང་བྱང་ཀོ་རི་ཡ་བཞི་རྒྱལ་ཁབ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ནས་དྲྭ་ལམ་གྱི་རྐུན་ཇག་ཡོང་ས་གཙོ་བོ་བཞི་རེད་ཅེས་དངོས་སུ་བསྒྲགས། ད་ལྟའི་བར་དུ་རྒྱ་ནག་དང་ཨུ་རུ་སུ། ཨི་རན་དང་བྱང་ཀོ་རི་ཡ་བཅས་ཀྱིས་ཁེ་ན་ཌའི་སྐྱོན་འཛུགས་དེར་དགག་པ་བརྒྱབ་པ་དང་ངོས་ལེན་སོགས་གང་ཡང་བྱས་མེད་པ་རེད།།

XS
SM
MD
LG