ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བྷི་བྷི་སི་བཀག་པར་རྒྱལ་སྤྱིའི་ཐོག་ཏུ་ངོ་རྒོལ། 


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱི་འཐབ་རྩོད་ནི་གསར་འགྱུར་ལས་ཁང་དང་བརྙན་འཕྲིན་ལས་རིམ་ཁག་བཀག་འགོག་གི་འཐབ་རྩོད་ཅིག་ལ་གྱུར། ཉིན་ཤས་སྔོན་དེར་རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་དང་བརྙན་འཕྲིན་རྒྱང་སྲིང་འཛིན་སྐྱོང་ཁང་གིས་དབྱིན་ཇིའི་བྷི་བྷི་སིའི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་ལས་རིམ་ཁག་རྒྱ་ནག་ལ་རྒྱང་སྲིང་བྱེད་མི་ཆོག་ཅེས་བཀག བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་རྒྱ་ནག་མི་དམངས་རྣམས་བླུན་རྨོངས་སུ་སྒྱུར་གྱིན་འདུག རྒྱ་ནག་གི་བརྙན་འཕྲིན་ལས་ཁང་ཁག་གིས་རྫུན་གཏམ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རྣམས་དབྱིན་ཇིའི་གཞུང་གིས་བཀག་སྡོམ་བྱས་པ་དང་། རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྣམས་བཀག་འགོག་བྱེད་ཀྱི་ཡོད་པ་གཉིས་གཅིག་མཚུངས་མ་རེད་ཅེས་དགག་པ་བརྒྱབ། ཁ་སང་གཟའ་ཉི་མའི་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གི་རྒྱལ་སྤྱིའི་གསར་འགྱུར་སྡེ་ཚན་དེའི་འགན་འཛིན་གྱིས་བཤད་པ་ལྟར་ན། འཛམ་གླིང་འདིར་བྷི་བྷི་སི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་ལས་རིམ་བཀག་འགོག་བྱེད་མཁན་ནི་བྱང་ཀོ་རི་ཡ་དང་ཨི་རན་སོགས་རྒྱལ་ཁབ་ཉུང་ཤས་ཤིག་ལས་མེད། ད་ལྟ་རྒྱ་ནག་ཀྱང་བྷི་བྷི་སི་གསར་འགྱུར་ལས་ཁང་བཀག་སྡོམ་བྱེད་མཁན་གྱི་ཐོ་གཞུང་དེར་འཁོད་སོང་། རྒྱ་ནག་མི་དམངས་ལ་ཕྱི་ལོགས་ཀྱི་གནས་ཚུལ་ཤེས་འདོད་ཡོད་པ་དང་རྒྱལ་སྤྱིའི་གསར་འགྱུར་རྣམས་ཤེས་འདོད་ཆེ། བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གཞུང་དང་རྒྱ་ནག་གི་སྐོར་ལ་གསར་འགྱུར་སྤེལ་བ་རྣམས་དེ་བས་ཀྱང་ཤེས་འདོད་ཆེན་པོ་འདུག་ཅེས་བཤད།།

རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་དང་བརྙན་འཕྲིན་རྒྱང་སྲིང་འཛིན་སྐྱོང་ཁང་གིས་སྤེལ་བའི་གསལ་བསྒྲགས་དེར་འཁོད་པ་ལྟར་ན། དབྱིན་ཇིའི་བྷི་བྷི་སིའི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་སྐོར་ལ་གསར་འགྱུར་སྤེལ་བ་རྣམས་དྲན་བདེན་དང་ཕྱོགས་སུ་མ་ལྷུང་བའི་གསར་འགོད་ལས་རིགས་ཀྱི་རྩ་དོན་ལ་མཐུན་གྱི་མི་འདུག དཔེར་ན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་དྲག་ཟིང་དང་ཞིན་ཅང་གི་བཙོན་སྒར་ཁག་ཏུ་ཡུ་གུར་བའི་བུད་མེད་ཚོར་གོ་རིམ་ལྡན་པའི་སྒོ་ནས་བཙན་གཡེམ་བྱེད་ཀྱི་ཡོད་པ་དང་ཐུབ་ཚོད། མནར་གཅོད་གཏོང་གི་འདུག་ཅེས་གསར་འགྱུར་སྤེལ་བ་རྣམས་འཁྱོག་བཤད་རེད། ཞིན་ཅང་གི་མཐའ་ལྷུང་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་བཅས་ལ་འཐབ་རྒོལ་བྱ་རྒྱུ་ནི་རྒྱ་ནག་གི་ཞི་བདེ་བརྟན་ལྷིང་ལ་འབྲེལ་བ་ཡོད་ཅེས་བཤད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་མ་ཟིན་ཙམ་ཞིག་བཀག་ཉར་བྱས་འདུག་ཅེས་བཀོད། རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པར་ཁྱད་པར་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་མིན་བཤད་དཀའ། ཅིའི་ཕྱིར་ཞེ་ན་རྒྱ་ནག་གཞུང་གིས་ཐོག་མ་ནས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྣམས་རྒྱ་ནག་གི་མི་དམངས་དཀྱུས་མ་ཚོར་གོ་ཐོས་འབྱུང་དུ་འཇུག་གི་མེད་ཅིང་། རྒྱ་ནག་གཞུང་གིས་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་ཁག་གི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་འཇོག་སའི་མགྲོན་ཁང་ཁག་ཏུ་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་ལས་རིམ་རྣམས་རྒྱང་སྲིང་བྱེད་དུ་འཇུག་གི་ཡོད་པ་རེད།།

ཕྱི་ཟླ་གཉིས་པའི་མགོ་སྟོད་དེར་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་རྒྱལ་སྤྱིའི་གསར་འགྱུར་འཕྲིན་ལམ་གྱི་བརྙན་འཕྲིན་ལས་རིམ་རྣམས་དབྱིན་ཡུལ་དུ་རྒྱང་སྲིང་བྱེད་ཆོག་པའི་ཐོབ་ཐང་ཕྱིར་བསྡུ་བྱ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་རྒྱ་ནག་གི་བརྙན་འཕྲིན་ལས་ཁང་དེའི་གསར་འགྱུར་གྱི་བརྗོད་བྱ་རྣམས་འཁྱོག་བཤད་དང་དཀྲོག་གཏམ། ཁོ་ཚོས་འགན་འཁྲི་མི་ལེན་པའི་གསར་འགྱུར་སྤེལ་གྱི་ཡོད་པ་བཅས་ལ་ཐུག་ཡོད། རྒྱ་ནག་གི་རྒྱལ་སྤྱིའི་གསར་འགྱུར་འཕྲིན་ལམ་བརྙན་འཕྲིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཏུ་ཡོད་པས་དབྱིན་ཇིའི་རྒྱང་སྲིང་གི་ཁྲིམས་ལ་འགལ་འདུག་ཅེས་བཀྲལ། ཨ་མི་རི་ཀས་རྒྱ་ནག་གི་གསར་འགོད་པ་ཡིན་ཟེར་གྱི་ཡོད་པ་མང་དག་ཅིག་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་རེད། རྒྱ་ནག་གཞུང་གིས་གསར་འགོད་པའི་མིང་ཐོག་ཏུ་གསང་ཉུལ་བཏང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གསར་འགོད་རང་དབང་གི་ཁོར་ཡུག་ཡོད་པའི་གོ་སྐབས་བཟུང་སྟེ་རྒྱ་ནག་གི་དམག་དོན་དང་ཚན་རིག་ལག་རྩལ། ཚོང་ལས་དང་དཔལ་འབྱོར་སོགས་ལ་མཁོ་བའི་གནས་ཚུལ་རྣམས་བསྡུ་རུབ་བྱེད་ཀྱི་འདུག རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དྲིལ་བསྒྲགས་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་དང་རླུང་འཕྲིན། དྲྭ་ལམ་གྱི་ཡིག་འཁོད་གསར་འགྱུར་རྣམས་བཀག་འགོག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སོང་། ཡིན་ནའང་རྒྱ་ནག་མི་དམངས་ཀྱིས་གཞུང་གི་བཀག་རྒྱ་ཁག་ལ་གཡོལ་གཟུར་བྱས་ནས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྣམས་ལྟ་ཀློག་ཉན་གསུམ་བྱ་རྒྱུ་ནི་མཚམས་ཆད་ཀྱི་མེད་པའི་གནས་ཚུལ་ཐོན། ད་ལྟ་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་སྐམ་ཆེན་མོ་གཅིག་པུ་མ་ཡིན་པར་ཧོང་ཀོང་ལའང་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྣམས་རྒྱང་སྲིང་བྱེད་མི་ཆོག་པའི་ཐག་བཅད། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རང་གི་གསར་འགྱུར་ལས་རིམ་ཁག་རྒྱ་ནག་ལ་བཀག་སྡོམ་བྱེད་མི་ཆོག བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཚོར་རང་དབང་གི་ཆེད་ལས་གཉེར་ཆོག་པའི་ཐོབ་ཐང་སྤྲོད་དགོས། ཁོ་ཚོར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། རྒྱ་ནག་གི་སྤྱི་ཚོགས་སུ་རང་དབང་དང་དྲང་བདེན་གྱི་གསར་འགྱུར་སྤེལ་བྱ་རྒྱུ་སྔར་ལས་གནད་འགག་ཆེ་རུ་སོང་འདུག་ཅེས་བཤད།།

རྒྱ་ནག་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྒྱང་སྲིང་བྱེད་མི་ཆོག་ཅེས་བཀག་སྡོམ་བྱས་པར་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་སྐྱོན་བརྗོད་བྱས་ཡོད་པ་སྟེ། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པ་ནི་གསར་འགོད་རང་དབང་ལ་བཀག་སྡོམ་བྱས་པ་ཞིག་རེད། རྒྱ་ནག་ནི་འཛམ་གླིང་འདིའི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་མཁན་རྒྱལ་ཁབ་ཆེས་ཐབས་རྡུགས་ཤིག་ཡིན་ཞིང་། རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་འདོད་ཡོད་པ་དེར་ལྟ་སྟངས་ཡག་པོ་ཞིག་འཐོབ་ཀྱི་མ་རེད་ཅེས་ཁ་རྡུང་བཏང་འདུག ཡུ་རོབ་མཉམ་འབྲེལ་ཡང་དབྱིན་ཇིའི་ཕྱོགས་སུ་ལངས་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་གཉིས་ལ་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨོ་གླིང་རྒྱལ་ཁབ་དང་འཇར་མན་ཎི་གཉིས་ཀྱིས་རྒྱ་ནག་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པའི་རྗེས་སུ་རྒྱ་ནག་མི་དམངས་དང་ཧོང་ཀོང་མི་དམངས་ལ་དྲན་བདེན་དང་ཕྱོགས་ལྷུང་བྲལ་བ། ཚད་ལྡན་གྱི་གསར་འགྱུར་གྱི་འབྱུང་ཁུངས་མེད་པར་གྱུར་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་བསྒྲགས་སྤེལ། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་འཁྱོག་བཤད་དང་དཀྲོག་གཏམ་གྱི་གསར་འགྱུར་སྤེལ་གྱི་ཡོད་རུང་རྒྱ་ནག་ནང་ཁུལ་དུ་རང་དབང་དང་དྲན་བདེན་གྱི་གསར་འགྱུར་ཁྱབ་སྤེལ་བྱེད་དུ་འཇུག་གི་མེད་པར་ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན། རྒྱ་ནག་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་སྡོམ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས།།

རྒྱ་ནག་གཞུང་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་རྒྱལ་སྤྱིའི་གསར་འགྱུར་འཕྲིན་ལམ་གྱི་བརྙན་འཕྲིན་ལས་རིམ་རྣམས་རྒྱང་སྲིང་བྱེད་འགོ་ཚུགས། བདུན་ཕྲག་གཉིས་ཀྱི་སྔོན་དེར་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་རྒྱལ་སྤྱིའི་གསར་འགྱུར་འཕྲིན་ལམ་བརྙན་འཕྲིན་ཁང་གི་གསར་འགྱུར་རྒྱང་སྲིང་བྱེད་མི་ཆོག་ཅེས་བཀག དེར་བརྟེན་རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ལ་རྒྱང་སྲིང་བྱེད་ཀྱི་ཡོད་པའི་གསར་འགྱུར་ལས་རིམ་རྣམས་འགགས། དེ་ནས་རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་ནད་ཡམས་བཀག་སྡོམ་སོགས་ལ་གསར་འགྱུར་དྲང་པོ་ཞིག་སྤེལ་མ་སོང། ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙོན་སྒར་ཁག་ཏུ་བཀག་ཉར་བྱེད་ཡོད་པ་དང་བུད་མེད་ལ་བཙན་གཡེམ་བྱས་ནས་སྐྱེ་སྒོ་གཅོད་པ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་རྩ་མེད་གཏོང་གི་འདུག་ཅེས་གསར་འགྱུར་རྫུན་བཟོ་བྱེད་ཀྱི་འདུག བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཧོང་ཀོང་གི་གནས་ཚུལ་ཡང་འཁྱོག་བཤད་ཁོ་ན་བྱས་སོང་། དེས་ན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་རྣམས་རྒྱ་ནག་ལ་རྒྱང་སྲིང་བྱེད་མི་ཆོག་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གཅིག་པུ་མ་ཡིན་པར་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་ནེའུ་ཡོཀ་དུས་བབ་ཚགས་པར། ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་རྣམས་ཀྱང་པེ་ཅིང་ནས་ཕྱིར་འབུད་བྱས་ཤིང་། རྒྱ་ནག་ཏུ་གནས་འཁོད་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་བསྒྲགས་སྤེལ། ད་ལྟ་རྒྱ་ནག་གཞུང་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་བཀག་པ་ནི་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག

XS
SM
MD
LG