ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱ་ནག་པ་ཚོས་སྨན་པ་ལི་ཝེན་ལེང་ལ་རྗེས་དྲན།


༄༅།། ན་ནིང་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཐོག་མར་འགོས་ཁྱབ་བྱུང་བའི་སྐབས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གཞུང་དང་སྨན་ཁང་གིས་རིམས་ནད་ཁྱབ་བཞིན་པའི་གནས་ཚུལ་གསང་རྒྱ་བྱས་ཀྱང་སྨན་པ་ལི་ཝེན་ལེང་གིས་ཉེན་ཁར་མ་འཛེམས་པར་སྐབས་དེར་རིམས་ནད་འགོས་ཁྱབ་འབྱུང་བཞིན་པའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་ཏེ་བྱས་རྗེས་ཆེན་པོ་བཞག ཉེ་ཆར་སྤྱི་ཟླ་༢་པའི་ཚེས་༧་ཉིན་སྨན་པ་ལི་ཝེན་ལེང་ལ་ཏོག་དབྱིབས་ནད་དུག་འགོས་ནས་འདས་གྲོངས་སུ་གྱུར་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་ཡིན་པས་ཨ་རིར་གནས་འཁོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་གྲོང་ཁྱེར་ལོ་སི་ཨན་ཇཱི་ལི་སིར་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་སྨན་པ་འདས་པོ་ལི་ཝེན་ལེང་ལ་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་འདུག

སྨན་པ་ལི་ཝེན་ལེང་དམ་པ་དེའི་རྗེས་དྲན་ལས་འགུལ་ལ་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇཱི་ལི་སིའི་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་རྒྱ་ནག་གི་དམངས་གཙོ་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་བྱས་ཤིང་། སྒྱུ་རྩལ་མཐུན་ཚོགས་ཀྱིས་ལས་འགུལ་འདིའི་ཐད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ད་ལྟ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བརྟག་དཔྱད་བྱེད་བཞིན་པའི་སྐབས་དང་བསྟུན་ནས་སྨན་པ་ལི་ཝེན་ལེང་ལ་རྗེས་དྲན་གྱི་ལས་འགུལ་འདི་སྤེལ་བཞིན་ཡོད། ལས་འགུལ་འདི་བརྒྱུད་ནས་ང་ཚོས་སྨན་པ་འདས་པོ་དེ་དང་ཆབ་སྲིད་ཀྱི་དྲག་གནོན་འོག་བདེན་པ་བརྗོད་མཁན་གྱི་མི་ཚང་མར་རྗེས་དྲན་དང་གུས་འདུད་ཞུ་བཞིན་ཡོད་ཅེས་བཀོད། ཚོགས་པ་དེའི་འགན་འཛིན་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་སྐབས་སུ་སྨན་པ་ལི་ཝེན་ལེང་ནི་ཐེངས་དང་པོར་ཝུ་ཧན་གྲོང་ཁྱེར་དུ་ནད་དུག་ཁྱབ་ཀྱི་ཡོད་པ་ཕྱི་ལ་སྒྲོགས་བྱེད་མཁན་དེ་ཡིན་ཞིང་། གལ་སྲིད་ཁོ་པ་མིན་ན་ང་ཚོས་དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་ནས་ཚབས་ཆེའི་རིམས་ནད་ཅིག་ཁྱབ་ཀྱི་ཡོད་པ་ཤེས་ཐབས་བྲལ། སྐབས་དེར་རྒྱ་ནག་གཞུང་གིས་རིམས་ནད་འདི་མི་ནས་མི་ལ་འགོ་ཁྱབ་འགྲོ་བཞིན་པའི་གནས་ཚུལ་གསང་བ་བྱས་པ་རེད། ཐ་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་གནས་ཚུལ་དེ་ངོས་ལེན་བྱས་མེད་པ་རེད། དེས་ན་ང་ཚོས་སྨན་པ་ལི་ཝེན་ལེང་ལ་རྗེས་དྲན་ཞུས་ཏེ་རྒྱ་ནག་གཞུང་གིས་ཉེན་ཚབས་ཅན་གྱི་གནས་ཚུལ་འདི་གསང་རྒྱ་བྱེད་ཐུབ་པའི་གནས་སྟངས་ལ་འགྱུར་བ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

སྔ་ལོ་སྨན་པ་ལི་ཝེན་ལེང་གིས་རིམས་ནད་ཁྱབ་བཞིན་པའི་གནས་ཚུལ་ཐོག་མར་དྲྭ་རྒྱུའི་བརྒྱུད་ལམ་དུ་སྤེལ། སྐབས་དེར་ཁོ་པ་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱིས་སྐྱོན་བརྗོད་བྱས་ནས་གཞུང་ཡིག་ཁྱབ་བསྒྲགས་བྱས་པ་དེའི་ནང་དུ་ལི་ཝེན་ལེང་གིས་དངོས་ཡོད་དང་མི་མཐུན་པའི་གནས་ཚུལ་དྲྭ་ལམ་དུ་སྤེལ་བ་ཁྲིམས་འགལ་རེད། ཁོ་པས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བྱས་ཡོད་པས་ཁྲིམས་འགལ་ཡིན་པ་དང་རྗེས་ཕྱོགས་སུ་འདི་ལྟ་བུའི་བྱ་སྤྱོད་སྤེལ་མི་ཆོག་ཅེས་ཁས་ལེན་བྱེད་དུ་བཅུག་པར་མ་ཟད། ཁོ་པས་མུ་མཐུད་དུ་བྱ་སྤྱོད་དེའི་རིགས་སྤེལ་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད། ད་ཐེངས་ཀྱི་ལས་འགུལ་འདིར་མཉམ་ཞུགས་བྱེད་མཁན་ཚོས་རྒྱ་ནག་གཞུང་གིས་རང་གི་སྲིད་དབང་ལ་སེམས་ཁྲལ་བྱ་རྒྱུ་མ་གཏོགས་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱི་མ་རེད། སྨན་པ་ལི་ཝེན་ལེང་གིས་མི་དམངས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་ཞིག་བྱས་ཡོད་པས་རྗེས་དྲན་ཞུ་འོས་པའི་མི་ཞིག་ཡིན་ཞེས་གསར་འགོད་པར་བརྗོད་ཅིང་། སྨན་པ་འདས་པོ་དེས་རྒྱ་ནག་གི་སྤྱི་ཚོགས་སུ་བསམ་ཚུལ་ཁག་ཅིག་མ་གཏོགས་བཤད་མི་ཆོག་པ་ནི་བདེ་ཐང་སྤྱི་ཚོགས་ཤིག་གི་འགྲོ་སྟངས་མ་རེད་ཅེས་བཤད་མྱོང་བ་ལྟར་རྒྱ་ནག་པ་མང་པོས་སྐད་ཆ་དེ་དྲྭ་ལམ་དུ་སྤེལ་ནས་རྗེས་དྲན་ཞུ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG