ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ཕྲུ་གུ་གསར་སྐྱེས་བརྒྱ་ཆ་༡༥་ཉུང་དུ་ཕྱིན་པ། 


༄༅།། གཟའ་འཁོར་འདིར་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་རྒྱ་ནག་ལ་ཕྲུ་གུ་ས་ཡ་༡༠་དང་གྲངས་ཆུང་༠༣་སྐྱེས། དེ་ནི་༢༠༡༩་ལོར་རྒྱ་ནག་ལ་ཕྲུ་གུ་ས་ཡ་༡༡་དང་གྲངས་ཆུང་༧༩་སྐྱེས་པར་བསྡུར་ན་རྒྱ་ནག་ལ་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་བརྒྱ་ཆ་༡༤་དང་གྲངས་ཆུང་༩་ཉུང་དུ་སོང་འདུག ༡༩༤༩་ནས་རྒྱ་ནག་གཞུང་གིས་ལོ་རེའི་ཕྲུ་གུ་གསར་སྐྱེས་རྣམས་ཐོ་འགོད་བྱ་རྒྱུ་འགོ་ཚུགས་པ་ཡིན་ཞེས་གནས་ཚུལ་སྤེལ། རྒྱ་ནག་ལ་རྒན་རྒོན་གྱི་མི་གྲངས་མང་དྲགས་པ་དང་གསར་སྐྱེས་ཀྱི་གྲངས་འབོར་ཉུང་དྲགས་པ། ལྷག་པར་དུ་རྒྱ་ནག་གི་སྲོལ་རྒྱུན་ལྟ་བར་བུ་ལ་མཐོང་ཆེན་དང་བུ་མོར་བརྩི་མཐོང་ཆུང་བ། ཁྱིམ་ཚང་གི་ཕ་ཤུལ་རྣམས་བུས་འཛིན་དགོས་པ་སོགས་ཕོ་མོ་འདྲ་མཉམ་མེད་པའི་སྤྱི་ཚོགས་ཀྱི་ལྟ་བ་དེས་རྒྱ་ནག་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཅིག་ལ་མ་འགྱུར་གོང་དུ་ཉམས་རྒུད་ཀྱི་ཕྱོགས་སུ་གོམ་སྟབས་སྒྱུར་གྱི་འདུག་ཅེས་མི་འབོར་སྐྱེ་འཆིའི་ཉམས་ཞིབ་པ་ཚོས་སྔོན་བརྡ་བཏང་འདུག དེང་སྐབས་རྒྱ་ནག་ལ་ལོ་ན་༦༠་ཡན་ཆད་དུ་སོན་པའི་མི་གྲངས་དུང་ཕྱུར་༢་དང་ཕྱེད་ཀ་ལྷག་ཡོད་པ་དེས་རྒྱ་ནག་གི་མི་འབོར་བརྒྱ་ཆ་༡༨་ཟིན། ཧོང་ཀོང་གི་ཚན་རྩལ་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་དང་སྤྱི་དམངས་སྲིད་ཇུས་ཉམས་ཞིབ་ཁང་གི་སློབ་དཔོན་བྷ་སི་ཐན་གྱིས་༢༠༢༠་ལོར་ཏོག་དབྱིབས་ནད་དུག་ཁྱབ་ནས་འཛམ་གླིང་ཡོངས་ལ་མི་འབོར་འཕེལ་རྒྱས་ཀྱི་གྲངས་འབོར་ཉུང་དུ་སོང་། སྔ་ལོ་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉུང་དུ་ཕྱིན་པའང་འཛམ་གླིང་ཡོངས་ཀྱི་མི་འབོར་ཉུང་དུ་སོང་བ་དང་གཅིག་མཚུངས་རེད། ཡིན་ནའང་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་འཕེལ་རྒྱས་ཉུང་དུ་བཏང་བ་རེད་ཅེས་འགྲེལ་གྱི་ཡོད་པར་སྒྲོ་འདོགས་ཆེ་ཙམ་འདུག རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་རྒྱུའི་དཀའ་ངལ་ནི་ལྡོག་ཐབས་བྲལ། དེའི་རྒྱུ་མཚན་གཅིག་རྒྱ་ནག་ལ་ཕྲུ་གུ་སྐྱེ་ཐུབ་པའི་བུད་མེད་ཀྱི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་འཕར་གྱི་མེད་པ། མ་འོངས་པར་ཡང་ལོ་རེ་བཞིན་དུ་རྒྱ་ནག་གི་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་ཉུང་དུ་འགྲོ་རྒྱུ་རེད་ཅེས་སྡོམ་ཚིག་བརྒྱབ། ཡིན་ནའང་ཉི་ཧོང་དང་ལྷོ་ཀོ་རི་ཡར་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པར་བསྡུར་ཚེ། རྒྱ་ནག་ལ་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དཀའ་ངལ་ཆེན་པོ་ཞིག་མིན་པ་སྟེ། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་བཟའ་ཚང་རེར་ཕྲུ་གུ་གཅིག་རེ་སྐྱེས་ན་དགའ་དགོས། ཉི་ཧོང་དང་ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་ཕྲུ་གུ་གཏན་ནས་སྐྱེ་རུ་མི་འཇུག་པ་དང་ཕོ་ཧྲེང་མོ་ཧྲེང་གི་མི་འབོར་ཇེ་མང་། ནམ་ཞིག་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཕྱི་རྒྱལ་ནས་ལས་རྩོལ་བ་མ་བླངས་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚོང་ལས། ངལ་རྩོལ་གྱི་རིགས་མཐའ་དག་རྒྱུན་འཁྱོངས་བྱེད་པའི་མིའི་སྟོབས་ཤུགས་འདང་ངེས་མེད་པའི་གནས་སུ་ལྷུང་ཉེན་ཆེན་པོ་འདུག

རྒྱ་ནག་གཞུང་གིས་༡༩༧༩་ལོ་ནས་༢༠༡༥་བར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཕྲུ་གུ་གཅིག་ལས་མང་བ་སྐྱེས་མཁན་ཚོར་དངུལ་སྒོར་གྱི་ཉེས་ཆད་དྲག་པོ་བཅད་པ་དང་ཕྲུ་གུ་དེ་ཚོར་ཐེམ་ཐོ་མི་སྤྲོད་པ། བུད་མེད་རྣམས་བཙན་གྱིས་སྨན་ཁང་དུ་ཁྱེར་ནས་སྐྱེས་སྒོ་རྩ་གཅོད་བྱས་པ་སོགས་ཆེས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མི་འབོར་འཕེལ་རྒྱས་བཀག དེའི་འབྲས་བུར་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཧ་ཅང་ཉུང་དུ་སོང་། ༡༩༦༠་ཐམ་པ་ནས་༡༩༦༥་བར་དུ་རྒྱ་ནག་གི་བུད་མེད་རེར་ཆ་མཉམ་ཕྲུ་གུ་༦་རེ་སྐྱེས་ཀྱང་༡༩༩༥་ནས་༢༠༡༤་བར་དུ་རྒྱ་ནག་གི་བུད་མེད་རེར་ཆ་མཉམ་ཕྲུ་གུ་༡་དང་གྲངས་ཆུང་༥་ལས་མ་སྐྱེས། ༡༩༦༥་ལོར་རྒྱ་ནག་གི་མི་འབོར་ཁོངས་སུ་ལོ་ན་༦༥་ཡན་ཆད་དུ་སོན་པའི་མི་གྲངས་བརྒྱ་ཆ་༣་དང་གྲངས་ཆུང་༣༦་ལས་མེད། ༢༠༡༥་ལོར་རྒྱ་ནག་གི་མི་འབོར་ཁོངས་སུ་ལོ་ན་༦༥་ཡན་ཆད་དུ་སོན་པའི་མི་གྲངས་བརྒྱ་ཆ་༡༠་ལྷག་བརྒལ། ༢༠༡༦་ནས་༢༠༡༩་བར་དུ་རྒྱ་ནག་མི་འབོར་ཁོངས་སུ་ལོ་ན་༦༥་ཡན་ཆད་དུ་སོན་པའི་མི་གྲངས་བརྒྱ་ཆ་༡༢་དང་གྲངས་ཆུང་༦་ལ་འཕར། རྒྱ་ནག་གི་ན་གཞོན་ཚོས་རྒན་རྒོན་རྣམས་གསོ་མི་ཐུབ་པའི་དཀའ་ངལ་ཆེ་རུ་སོང་། ད་ལྟ་རྒྱ་ནག་གི་ན་གཞོན་བཟའ་ཚང་རེར་ཉུང་མཐར་ཡང་ཁྱོ་གའི་ཕ་མ་གཉིས་དང་ཆུང་མའི་ཕ་མ་གཉིས་བཅས་རྒན་རྒོན་བཞི་རེ་གསོ་རྒྱུ་ཡོད་པས་ཕྲུ་གུ་སྐྱེ་རྒྱུ་དང་རྒན་རྒོན་གསོ་སྐྱོང་བྱ་དགོས་པ་རྣམས་ལྕོག་དཀའ་བའི་གནས་ཚུལ་མང་དག་ཅིག་ཐོན།།

ཕྱི་ལོ་༢༠༥༠་ཐམ་པའི་མཚམས་སུ་རྒྱ་ནག་གི་མི་འབོར་གསུམ་ཆའི་གཅིག་གམ། ཡང་ན་རྒྱ་ནག་གི་མི་འབོར་ཁོངས་སུ་ལོ་ན་༦༠་ཡན་ཆད་དུ་སོན་པའི་མི་གྲངས་དུང་ཕྱུར་༤་དང་བྱེ་བ་༨་ཟིན་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གི་ན་གཞོན་ལས་རྩོལ་བ་བཟའ་ཚང་རེར་ཁྱོ་གའི་ཕྱོགས་ཀྱི་མེས་པོ་མེས་མོ་གཉིས་དང་ཕ་མ་གཉིས། ཆུང་མའི་ཕྱོགས་ཀྱི་མེས་པོ་མེས་མོ་གཉིས་དང་ཕ་མ་གཉིས་བཅས་ཁྱོན་བསྡོམས་བཟའ་ཚང་རེར་རྒན་རྒོན་༨་གསོ་རྒྱུ་ཡོད་པར་འགྱུར་རྒྱུ་ཡིན་ཞིང་། ཨ་མི་རི་ཀ་དང་ཡུ་རོབ། ཉི་ཧོང་དང་ལྷོ་ཀོ་རི་ཡ། ཐེ་ཝན་དང་སིངྒ་པུར་སོགས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་ལྟར་རྒྱ་ནག་ལ་རྒས་ཕོགས་དང་སྨན་བཅོས། ལོ་ན་༦༥་སོན་པའི་རྒན་རྒོན་ཚོར་སྲིད་གཞུང་གིས་རྒས་ཕོགས་སྤྲོད་རྒྱུའི་ལམ་ལུགས་ཤིག་ཚུགས་ཐུབ་མེད། དེས་ན་རྒྱ་ནག་གི་སྤྱི་ཚོགས་སུ་རྒན་རྒོན་རྣམས་ཅི་ཙམ་ཚེ་ཐག་རིང་ན་དེ་ཙམ་གྱིས་ན་གཞོན་ལས་རྩོལ་བ་བཟའ་ཚང་དེ་དག་གི་དཀའ་ངལ་ཆེ་རུ་སོང་སྟེ་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་བློས་གཏོང་པའི་མཚམས་སུ་སླེབས། རྒྱ་ནག་གཞུང་གིས་ན་གཞོན་བཟའ་ཚང་རྣམས་ལ་ཕྲུ་གུ་མང་ཙམ་སྐྱེ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཀྱང་ཕྲུ་གུའི་སློབ་ཡོན་དང་བུ་ཕྲུག་རྣམས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་གཏོང་དགོས་པའི་འགྲན་སྡུར། རྒྱ་ནག་གི་སྤྱི་ཚོགས་སུ་བུ་ཕྲུག་གསོ་སྐྱོང་གི་འགྲོ་གྲོན་ཆེ་བ། ད་ལྟའི་རྒྱ་ནག་གི་ན་གཞོན་མང་པོ་ཞིག་ལ་ཕྲུ་གུ་སྐྱེ་འདོད་མེད་པར་ཕོ་ཧྲེང་མོ་ཧྲེང་གི་འཚོ་བ་སྐྱེལ་བཞིན་ཡོད་པས་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགག་ཡོད་པའི་དཀའ་ངལ་འདི་སེལ་ཐབས་མེད་པ་ཞིག་ཏུ་གྱུར། རྒྱ་ནག་གི་སྤྱི་ཚོགས་རིག་པ་བ་ཝེ་ཅུན་དབྱང་གིས་ན་གཞོན་ཚོས་རང་ཉིད་དགའ་སའི་མི་ཞིག་ལ་གཉེན་སྒྲིག་བྱེད་ཀྱི་ཡོད་པ་གཅིག་པུ་མ་རེད། ཁྱོ་ཤུག་གཉིས་ཀར་རང་རང་གི་གྱོས་པོ་གྱོས་མོ་བཅས་མི་ཁྱུ་རེ་འཁྲིད་ཡོང་རྒྱུ་འདུག དེ་ནི་ལས་འགན་ཡིན་པ་དང་དེའི་ཐོག་ཏུ་ཕྲུ་གུ་གསོ་སྐྱོང་བྱ་དགོས། རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་བྱ་རྒྱུ་ཧ་ཅང་གི་འགན་འཁྲི་ཆེན་པོ་རེད་ཅེས་བཤད།།

༢༠༡༨་ལོར་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ནང་དུ་ཕྲུ་གུ་སྐྱེ་རྒྱུ་ནི་ཁྱིམ་ཚང་གི་གནད་དོན་ཞིག་མིན་པར་རྒྱལ་ཁབ་ཀྱི་རྩ་དོན་ཞིག་ཡིན། རྒྱ་ནག་གི་ན་གཞོན་ལས་རྩོལ་བའི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཉིས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་འདུག་ཅེས་ཉེན་བརྡ་བཏང་། འོན་ཀྱང་༢༠༡༣་ནས་༢༠༡༩་བར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ཐེངས་དང་པོར་གསར་དུ་གཉེན་སྒྲིག་བྱེད་མཁན་མི་གྲངས་བརྒྱ་ཆ་༤༡་ཉུང་དུ་སོང་། ༢༠༡༣་ལོར་བཟའ་ཚང་གསར་པ་གཉེན་སྒྲིག་ཐེངས་པོ་བྱེད་མཁན་མི་གྲངས་ས་ཡ་༢༣་དང་གྲངས་ཆུང་༨་བྱུང་། ༢༠༡༩་ལོར་བཟའ་ཚང་གསར་པ་གཉེན་སྒྲིག་ཐེངས་དང་པོ་བྱེད་མཁན་མི་གྲངས་ས་ཡ་༡༣་དང་གྲངས་ཆུང་༩་ལས་མེད་ཅིང་། རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་སྲིད་གཞུང་གིས་ལོ་བཅུ་ཕྲག་མང་པོར་སྐྱེས་སྒོ་བཀག་པར་ཐུག་ཀྱང་རྒྱུ་རྐྱེན་གཞན་ཞིག་རྒྱ་མོ་ན་གཞོན་ཚོའི་ལྟ་བར་འགྱུར་བ་ཐེབས་ནས་ཕྲུ་གུ་མི་སྐྱེ་བ་དང་གཉེན་སྒྲིག་མི་བྱེད་པ། ཁོ་ཚོ་རྒྱ་ནག་གི་སྤྱི་ཚོགས་སུ་བུད་མེད་ཀྱིས་ལས་འགན་འཐོལ་པ་འཁུར་དགོས་པ་དང་ཕོ་མོ་འདྲ་མཉམ་མེད་པའི་ལམ་སྲོལ་ལ་ཞེན་པ་ལོག་པ། རྒྱ་ནག་གི་བུད་མེད་རྣམས་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་སོང་སྟེ་དཔལ་འབྱོར་ཡོང་འབབ་ཐོག་ཏུ་ཁྱོ་གར་བརྟེན་མི་དགོས་པ། དུས་རབས་༢༡་པ་འདིར་རྒྱ་ནག་གི་བུད་མེད་ཚོས་རང་གི་ཤེས་ཡོན་སློབ་སྦྱོང་དང་ཆེད་ལས་ཨང་དང་པོར་བརྩིས་ཏེ་གཉེན་སྒྲིག་ཨང་གཉིས་པར་བཞག གལ་ཏེ་གཉེན་སྒྲིག་བྱེད་པའི་དབང་དུ་བཏང་རུང་ཁྱིམ་ཐབ་ཀྱི་དུས་ཚོད་འཕྱི་དྲགས་ཏེ་བུད་མེད་མང་ཆེ་བར་ཕྲུ་གུ་སྐྱེ་ལོང་མེད་པར་འགྱུར་བཞིན་མཆིས། སྤྱི་ཚོགས་རིག་པ་བ་ཚོས་རྒྱ་ནག་གཞུང་གིས་དཔལ་འབྱོར་སྒྱུར་བཅོས་བཏང་རུང་ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་ལྟ་བར་འགྱུར་བ་གཏོང་ཐུབ་མི་འདུག རྒྱ་ནག་གཞུང་གིས་ཕྲུ་གུ་གཉིས་རེ་སྐྱེ་དགོས་ཞེས་འདྲ་པར་སྦྱར་པ་ཙམ་གྱིས་མི་འབོར་འཕེལ་རྒྱས་གཏོང་དཀའ། རྒྱ་ནག་གི་སྤྱི་ཚོགས་ལམ་ལུགས་དང་སྲོལ་རྒྱུན་གྱི་ལྟ་བར་འགྱུར་བ་གཏོང་དགོས་ཞེས་གླེང་སློང་བྱས་འདུག

XS
SM
MD
LG