ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

༧གོང་ས་མཆོག་གིས་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི།


༄༅།། དེ་རིང་ཕྱི་ཟླ་༩་པའི་ཚེས་༡༧་ནི་རྒྱ་གར་གྱི་སྲིད་བློན་མོ་དྷི་དགུང་གྲངས་༧༡་ལ་ཕེབས་པའི་འཁྲུངས་སྐར་ཡིན་ཞིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་བློན་མོ་དྷིར་སྐུ་ཁམས་གསལ་ཐང་ངང་སྐུ་ཚེ་ཡུན་རིང་བརྟན་པའི་འཚམས་འདྲིའི་ཕྱག་བྲིས་ཤིག་གནང་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གི་ཕྱག་བྲིས་དེར་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཉིང་བཅུད་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་དང་རྒྱ་གར་ལ་རིག་གཞུང་སྣ་མང་མཉམ་གནས་ཀྱི་དམངས་གཙོའི་ལམ་སྲོལ་ཞིག་ཚུགས་ཡོད་པ་བཅས་ལ་ཡིད་སྨོན་ཡོད། རྒྱ་གར་ནི་བོད་པ་ཚོར་ཆོས་ཕྱོགས་གཅིག་པུ་མིན་པར་ཆབ་སྲིད་ཀྱི་ཐོག་ཏུའང་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀོད་ཡོད་པའི་འགྲེལ་བརྗོད་གནང་འདུག

ཐོག་མར་༧གོང་ས་མཆོག་༢༠༡༠་ལོར་སྲིད་བློན་མོ་དྷི་རྒྱ་གར་ནུབ་ཕྱོགས་ཀྱི་གུ་ཇ་ར་ཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་པའི་སྐབས་སུ་མཇལ་འཕྲད་བྱུང་ཞིང་། དེའི་རྗེས་སུ་སྲིད་བློན་གྱི་ཐུགས་འགན་བཞེས་པའི་སྐབས་སུའང་དབུ་ཁྲིད་རྣམ་གཉིས་དུས་ནས་དུས་སུ་འབྲེལ་བ་བྱུང་ཡོད་པ་རེད་ཅེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེན་མོ་འཆི་མེད་རིག་འཛིན་ངོ་སྤྲོད་གནང་འདུག སྲིད་བློན་མོ་དྷིའི་འཁྲུངས་སྐར་ཉིན་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སོགས་དབུས་ཆབ་སྲིད་ཚོགས་པ་གཞན་ཁག་གི་དབུ་ཁྲིད་ཚོས་ཀྱང་ཊོས་ཊར་དྲྭ་ལམ་དུ་སྲིད་བློན་མོ་དྷི་སྐུ་ཁམས་གསལ་ཐང་ངང་སྐུ་ཚེ་ཡུན་རིང་བརྟན་ཅིང་། རྒྱ་གར་མང་ཚོགས་ལ་མུ་མཐུད་དུ་སྲི་ཞུ་གང་ལེགས་སྒྲུབ་ཐུབ་པའི་ཐུགས་སྨོན་འཚམས་སྦྱོར་གྱི་འཚམས་འདྲི་ཞུ་མཁན་མང་དག་ཅིག་བྱུང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG