ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་ལྷོ་ཕྱོགས་ཀྱི་ཆུ་ལོག་བྱུང་ཡུལ་ལ་ངལ་སེལ་རོགས་དངུལ་གསོལ་སྩལ།


༄༅།། འདས་པའི་ཉིན་ཤས་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེར་ཆར་ཤུགས་ཆེན་པོ་བབས་ཏེ་རེས་གཟའ་པ་སངས་ནས་ཁུལ་དེའི་ཀོ་ཊ་ཡམ་དང་ཨི་ཊུ་ཀི་གཙོས་རྫོང་ཁག་འགའ་ཞིག་ལ་ཆུ་ལོག་དང་ས་རུད། དེ་བཞིན་རྒྱུག་ཆུ་རྣམས་བྲུག་སྟེ་ཁང་པ་ཆུས་ཁྱེར་པ་དང་ལམ་ཆེན་སྟེང་དུ་ཆུ་ལུག རླངས་འཁོར་སོགས་འགུལ་སྤྱོད་མ་ཐུབ་པར་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཆེན་པོ་ཕོག དེ་རིང་ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་ན་ར་དབྱི་ཝྭི་ཇ་ཡན་གྱི་མཚན་ཐོགས་ཐུགས་གསོའི་གསུང་འཕྲིན་དང་ངལ་སེལ་རོགས་དངུལ་གསོལ་སྩལ། རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གི་མྱུར་སྐྱོབ་ལས་དོན་ལ་བསྔགས་བརྗོད་གནང་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ད་བར་ཆུ་ལོག་དེས་ཀོ་ཊ་ཡམ་རྫོང་ཁོངས་སུ་ས་རུད་བྱུང་སྟེ་མི་༡༣་སྡེབ་གསོད་དང་ཨི་ཊུ་ཀི་རྫོང་ཁོངས་སུའང་ས་རུད་བྱུང་སྟེ་མི་དགུའི་ཚེ་སྲོག་ཤོར། ད་ཐེངས་ཀྱི་ཆུ་ལོག་ཁྲོད་དུ་མི་ཉི་ཤུ་རྩ་གྲངས་ཀྱི་ཚེ་སྲོག་ཤོར་ཟིན་ཡོད་པར་མ་ཟད། མི་བཅུ་གྲངས་ཤིག་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མེད་ཅིང་། རེས་གཟའ་སྤེན་པའི་ཉིན་སྲིད་བློན་མོ་དྷིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ངལ་སེལ་ཀྱི་གྲོས་མོལ་གནང་སྟེ་སྟེ་ཊོས་ཊར་དྲྭ་ལམ་དུ་གོད་ཆག་གི་དཀའ་ངལ་འཕྲད་བཞིན་པའི་མི་དམངས་ཡོངས་ལ་སེམས་གསོའི་འཕྲིན་ཐུང་ཞིག་སྤེལ། ཀེ་ར་ལ་མངའ་སྡེ་གཞུང་གིས་ཉེན་སྐྱོབ་རུ་ཁག་ལ་རོགས་རམ་བྱེད་པར་གནམ་དམག་དང་སྐམ་དམག་གི་རོགས་སྐྱོར་དཔུང་སྡེ་བཏང་འདུག མངའ་སྡེའི་གཞུང་གིས་རང་ཁྱིམ་ཆུས་ཁྱེར་པའམ། ཡང་ན་གྲོང་གསེབ་དང་གྲོང་སྡེ་ཆུས་ཁེངས་པའི་མི་མང་རྣམས་གནས་སྤོར་བྱ་ཡུལ་སྒར་ཁ་༡༨༤་ཆེད་འཛུགས་བྱས་ནས་རོགས་སྐྱོར་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་སྒྲུབ་བཞིན་ཡོད་པ་རེད།།

མི་གྲངས་ས་ཡ་༣༣་གནས་སའི་ཀེ་ར་ལ་མངལ་མངའ་སྡེར་རྒྱུན་དུ་ཆར་ཞོད་དུས་སུ་ཆུ་ལོག་དང་ས་རུད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་སྟེ། ༢༠༡༨་ལོར་མངའ་ཁུལ་དེར་རྫོང་༡༤་ཡོད་པའི་ཁོངས་ནས་རྫོང་ཁག་༡༣་ལ་ཉེན་ཚབས་ཆེན་པོ་བྱུང་སྟེ་མི་༣༠༠་ལྷག་གི་ཚེ་སྲོག་ཤོར། མི་འབུམ་གསུམ་ཙམ་གནས་སྤོར་བྱ་དགོས་བྱུང་ཞིང་། ད་དུང་ཡང་ཆར་པ་མུ་མཐུད་དུ་འབབ་བཞིན་ཡོད་པས་ངལ་སེལ་ལས་དོན་སྤེལ་མཁན་ཚོས་གནམ་གཤིས་སྔོན་བརྡའི་ལས་ཁུངས་ཀྱི་ཉེན་བརྡར་ཉན་འཇོག་བྱེད་དགོས་པ་དང་བདུན་ཕྲག་འདིར་ཆར་ཤུགས་ཆུང་བ་འབབ་རྒྱུ་རེད་ཅེས་སྔོན་བརྡ་བཏང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG