ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཕྲུག་ཚོ་ལོ་༤་ནས་རྒྱ་སྐད་སློབ་གྲྭ་འགྲིམ་དགོས་པར་ཕ་མ་ཚོས་བློ་འཚབ།


children in traditional Tibetan clothes and police watching passing Tibetan Buddhist monks 2010
children in traditional Tibetan clothes and police watching passing Tibetan Buddhist monks 2010

༄༅།། དེང་སྐབས་བོད་ས་ཕལ་ཆེ་བར་བོད་ཡིག་ཁོ་ནའི་སློབ་གྲྭ་ནི་ཧ་ཅང་དཀོན་པོ་ཡིན་ཞིང་། ལྷག་པར་དུ་བོད་ནང་གི་ཡུལ་ཤུལ་ཁུལ་ཐོག་ཏུ་གཏན་སྡོད་བྱེད་མཁན་བོད་པ་ཚོས་རྒྱ་ནག་གི་ཁྲིམས་དང་ཁོར་ཡུག་གི་དབང་གིས་བྱིས་པ་ལོ་ན་༤་ལ་སོན་པ་རྣམས་རྒྱ་སྐད་སློབ་གྲྭར་སྐྱེལ་དགོས་པས་ཕ་མ་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཞིག་ས་གནས་དེར་གཏན་སྡོད་བྱེད་མཁན་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་མཁོ་སྤྲོད་བྱས་འདུག ཁོང་གིས་ཁུལ་ཐོག་ཏུ་གཏན་སྡོད་བྱེད་མཁན་ཚོའི་བྱིས་པ་ཚོ་ལོ་༤་ནས་རྒྱ་ཡིག་གཙོ་བོར་འཛིན་སའི་བྱིས་སྙོར་ཁང་དུ་སྐྱེལ་དགོས་ཀྱི་འདུག དེ་ནས་རིམ་བཞིན་བྱིས་པ་ཕལ་ཆེ་བ་རྒྱ་ཡིག་སློབ་གྲྭ་འགྲིམ་དགོས་པས་རྒྱ་ཡིག་རྒྱ་སྐད་ཀྱི་ཁོར་ཡུག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོ་རིགས་རུས་བོད་པ་ཡིན་རུང་བོད་ཡིག་བོད་སྐད། བོད་པའི་སྲོལ་རྒྱུན་སོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བཤད།

གསར་འགྱུར་མཁོ་སྤྱོད་པས་མུ་མཐུད་དུ་བཤད་པ་ལྟར་ན། བྱིས་པ་ཚོ་སློབ་གྲྭའི་གུང་སེང་སྐབས་སུ་གྲོང་ཁྱེར་ནས་འབྲོག་ཁུལ་དུ་ཁྲིད་ཡོང་ན་ཟོག་ལུག་དཀར་ནག་ཁྲ་གསུམ་དང་ཕོ་མོའི་དབྱེ་བ་རྣམས་འབྱེད་མི་ཤེས་པར་མ་ཟད། མིང་འདོགས་སྟངས་ཀྱང་རྒྱ་སྐད་ཀྱི་ལམ་ནས་མ་གཏོགས་བཤད་ཤེས་ཀྱི་མི་འདུག འབྲོག་ཟས་ཤ་མར་རྩམ་གསུམ་སོགས་ལ་བཟའ་བཏུང་བྱ་རྒྱུ་ཡང་དེ་ཙམ་དགའ་པོ་བྱེད་མི་འདུག བོད་ལྭ་གྱོན་རྒྱུ་ནི་དཀའ་ངལ་ཆེན་པོ་དང་མཛེས་ཉམས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག བྱིས་པ་དེ་ཚོར་ཁ་བརྡ་བྱས་ནས་ཕ་མ་ཚོས་བོད་སྐད་བཤད་ཀྱང་ཚུར་ལ་རྒྱ་སྐད་ཀྱིས་ལན་འདེབས་བྱེད་ཀྱི་འདུག འདི་ནི་བོད་པའི་བྱིས་པ་ཚོའི་བསམ་བློ་དང་ཀུན་སྤྱོད། ཟ་ཉལ་འགྲོ་འདུག་བཅས་ལ་རྒྱ་ལུགས་ཀྱི་ཤན་ཞུགས་པའི་རྟགས་རེད་ཅེས་བརྗོད་འདུག

བོད་ལྗོངས་ལྷ་སའི་སློབ་གྲྭ་ཞིག་གི་དགེ་རྒན་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་བརྗོད་དོན་ལྟར་ན། ལྷ་ས་གྲོང་ཁྱེར་ནི་ལོ་རེ་བཞིན་རྒྱ་སྐྱེད་དང་མང་ཚོགས་ཀྱང་རང་བཞིན་གྱིས་གྲོང་ཁྱེར་ནང་དུ་འདུས་ཡོང་གི་འདུག བྱིས་པ་ཚང་མ་གྲོང་ཁྱེར་གྱི་སློབ་གྲྭ་འགྲིམ་དགོས་པས་ཐོག་མར་བྱིས་སྙོར་ཁང་ནས་བསླབ་གཞིའི་ནང་དུ་བོད་ལུགས་ཀྱི་རི་མོ་བྲིས་ཀྱང་འགྲེལ་བཤད་ཀྱི་ཡི་གེ་ཚང་མ་རྒྱ་ཡིག་རེད། དགེ་སློབ་ཕན་ཚུན་ཁ་བརྡ་བྱས་ཀྱང་རྒྱ་སྐད་བཤད་དགོས་ཀྱི་འདུག སློབ་འབྲིང་ཐོན་ན་བོད་ཕྲུག་ཚོ་བསམ་བློ་གཏོང་ཤེས་པའི་དུས་ལ་བསླེབས་ཡོད་ཀྱང་བསམ་བློའི་ནང་དུ་བོད་ཡིག་བོད་སྐད་ཀྱི་རིན་ཐང་ངམ། ཡང་ན་བོད་པའི་ངོ་ཚ་ཁྲེལ་གཞུང་མེད་ཅིང་། ཆོས་སེམས་དང་གྱོན་ཆོས་ལ་སོགས་པའི་འདུ་ཤེས་མེད་པར་ཕྱོགས་མང་པོ་ཞིག་ལ་འགྱུར་བ་ཆེན་པོ་ཐེབས་ཀྱི་འདུག དེ་ནི་དུས་རབས་འགྱུར་བ་ཕྱིན་པ་ཡིན་མིན་བཤད་མི་ཤེས་ཀྱང་ང་ཚོའི་མི་རིགས་འདི་འགྱུར་གི་ཡོད་པ་མིག་མཐོང་ལག་ཟིན་རེད། ད་ལྟ་ལྷ་སའི་བོད་ཕྲུག་མང་ཆེ་བས་བོད་སྐད་ལས་རྒྱ་སྐད་གཙང་མ་ཞིག་བཤད་ཐུབ་ཀྱི་རེད། དེང་རབས་ཀྱི་འཕྲུལ་ཆས་རིགས་འདྲ་མིན་རྣམས་བྱིས་པ་ཚོས་རྒྱའི་སྐད་ཡིག་ལ་བརྟེན་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད། འདི་དག་འཚོ་བ་དང་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་འདུག་ཅེས་གནས་ཚུལ་མཁོ་བྱས་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG