ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གིས་མཁར་དམར་དགོན་པར་ཞིབ་འཇུག་བྱེད་དོན་ཅི་རེད། 


༄༅།། རྒྱ་ནག་ལ་ནང་ཆོས་དར་ཁྱབ་འགྲོ་བཞིན་ཡོད་པ་དང་ནང་ཆོས་དེ་བོད་བརྒྱུད་ནང་བསྟན་ཡིན་པ་སྟེ། རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ཉིང་ཤཱ་ཧོས་རིགས་རང་སྐྱོང་ཁུལ། ཡུན་ཅིན་རྫོང་གི་ཤཱི་ཧོ་གྲོང་རྡལ་དུ་ཆགས་ཡོད་པའི་མཁར་དམར་དགོན་པ་ནི་རྒྱ་ནག་པ་རྣམས་གནས་སྐོར་དང་མཆོད་མཇལ་སོགས་ལ་ཡོང་ས་གཙོ་བོ་ཞིག་ཡིན་ཞིང་། ད་ལོའི་ཕྱི་ཟླ་༨་པའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་མཁར་དམར་དགོན་པ་སྒོ་རྒྱག་དགོས་པ་དང་གྲྭ་བཙུན་རྣམས་སྐྱ་སར་འབབ་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན། ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེ་མཱི་ལི་ཧྥེང་མཁར་དམར་དགོན་པ་ཆགས་ཡུལ་གྱི་ས་གནས་དེར་བསྐྱོད་ནས་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་གནས་ཚུལ་སྤེལ་བ་ལྟར་ན། མཁར་དམར་དགོན་པའི་ཆགས་ཡུལ་གྱི་ས་ཁུལ་དེ་ནི་རིན་ཆེན་གཏེར་ཁ་སྣ་ཚོགས་ཡོད་པའི་ཡུལ་ལུང་ཕྱུག་པོ་ཞིག་རེད། ས་ཁུལ་དེར་གནམ་བདེ་གྲོང་ཚོ་ཞེས་པའི་གྲོང་སྡེ་ཞིག་ཡོད་པ་དེའི་ཁྱིམ་ཚང་རེས་ཨ་སྒོར་སྟོང་ཕྲག་འགའ་རེ་ཞལ་འདེབས་ཕུལ་ནས་དགོན་པ་སླར་གསོ་བྱས་པ་ཡིན། ང་ཚོས་གསར་འགོད་པར་རང་རང་གི་མིང་ངོ་མ་རྣམས་བཤད་ནས་སྐད་ཆ་བཤད་རྒྱུ་མིན། ཆོས་ལུགས་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ལ་ཞིག་ལ་འགྱུར་གྱི་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་བྱས་འདུག

གནམ་བདེ་གྲོང་ཚོའི་ཡུལ་མི་ཞིག་གིས་གསར་འགོད་པར་མཁར་དམར་དགོན་པའི་བཀའ་དྲིན་གྱིས་གྲོང་གསེབ་ཀྱི་ཡོང་འབབ་ཇེ་མང་དུ་སོང་སྟེ་ཕྱུག་པོར་གྱུར་ཡོད། ང་ཚོའི་དགོན་པ་ཡང་དར་རྒྱས་ཕྱིན་ཡོད་པ་དང་གྲོང་ཚོ་འདིའི་ཡུལ་མི་གསུམ་ཆའི་གཅིག་ནང་པ་ཡིན་པ་དང་གསུམ་ཆའི་གཅིག་ཏའོ་ཅའོ་ཆོས་དད་པ་རེད། ཡུལ་མི་ལྷག་མ་རྣམས་ཁ་ཆེ་རེད་ཅེས་བཀྲལ། མི་གཞན་པ་ཞིག་གིས་ང་ཚོའི་ས་གནས་ཀྱི་མི་མང་ཚང་མ་མཉམ་འདུ་ཐུབ་པ་དང་མཐུན་ལམ་ཡོང་ཐབས་སུ་གྲོང་ཚོའི་ལྷ་ཁང་ནང་དུ་ས་གནས་ཀྱི་ཡུལ་ལྷ་གསུམ་གྱི་སྐུ་བརྙན་རྣམས་བཤམས་ཡོད་ཅེས་བཤད། གནམ་བདེ་གྲོང་ཚོའི་ཉེ་འཁོར་གྱི་རི་གཤམ་ཞིག་ཏུ་མཁར་དམར་དགོན་པའི་རྒྱ་ཕིབས་དང་གསེར་ཏོག་རྣམས་ཉི་འོད་འོག་ཏུ་སེར་ལྷམ་མེར་མཐོང་ཐུབ། དུས་རབས་༡༣་པའི་ནང་དུ་སོག་པོ་ཚོས་མཁར་དམར་དགོན་པ་གསར་དུ་བཞེངས་པ་རེད་ཟེར་གྱི་འདུག དཀྱུས་ཆས་གྱོན་པའི་ཉེན་རྟོག་པ་ཚོས་རྒྱ་ལམ་བཀག་སྟེ་གསར་འགོད་པ་རྣམས་དགོན་པའི་འཁྲིས་སུ་བཅར་ས་མི་འདུག ཉེན་རྟོག་པ་ཚོས་མཁར་དམར་དགོན་པ་སྒོ་བརྒྱབ་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བཤད་རྒྱག་ཆོག་གི་མ་རེད། གཅིག་བྱས་ན་ཏོག་དབྱིབས་ནད་དུག་ཁྱབ་གདལ་འབྱུང་གི་ཡོད་པ་སྔོན་འགོག་ཆེད་དུ་ཡིན་སྲིད། ང་ཚོས་དགོན་པ་སྒོ་རྒྱག་དགོས་དོན་ཅི་ཡིན་བཤད་ཆོག་གི་མ་རེད་ཅེས་གསར་འགོད་པར་ལན་འདེབས་བྱས་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེ་མཱི་ལི་ཧྥེང་གིས་ང་ལ་ཉེན་རྟོག་པས་དགོན་པའི་གྲྭ་བཙུན་ཚོར་དཀའ་ངལ་གང་ཡང་མེད་ཟེར་བྱུང་། ཁོ་ཚོའི་སྐད་ཆ་དེའི་ཤུགས་ཀྱིས་དགོན་པའི་ནང་གི་གྲྭ་བཙུན་ཚོར་དཀའ་ངལ་ཞིག་ཡོད་པ་ར་འཕྲོད། ད་ལོ་རྒྱ་ནག་གཞུང་གིས་མཁར་དམར་དགོན་པའི་གྲྭ་བཙུན་ཚོའི་ཐེམ་ཐོ་དང་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱས་པ་རེད། གྲྭ་བཙུན་མང་ཆེ་བའི་ཐེམ་ཐོ་ས་གནས་གཞན་དུ་ཡོད་པ་དང་ཁོ་ཚོ་མཐར་སྐྲོད་གཏོང་ཐབས་བྱས་པས་གྲྭ་བཙུན་ཚོས་ངུ་འབོད་བྱས་ནས་ཉེན་རྟོག་པར་ཞི་བའི་ངོ་རྒོལ་བྱས་པ་རེད། མཁར་དམར་དགོན་པའི་གྲྭ་བཙུན་ཚོར་བོད་པའི་བླ་མ་ཞིག་ཡོད་པ་རྩད་གཅོད་བྱས་ཀྱང་གང་དུ་ཡོད་མེད་སུ་གཅིག་གིས་ཤེས་ཀྱི་མི་འདུག བོད་པའི་བླ་མ་དེ་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་གནས་ཚུལ་སྤེལ། ས་གནས་ཀྱི་ཡུལ་མི་ཚོས་མཁར་དམར་དགོན་པས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལ་ཨ་སྒོར་སྟོང་ཕྲག་འགའ་ཞིག་ཞལ་འདེབས་སྤྲད་པའི་རྗེས་སུ་དཀའ་ངལ་འཕྲད་འགོ་ཚུགས་སོང་། དེའི་བར་དུ་སྲིད་གཞུང་གིས་བཙུགས་པའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་མཁར་དམར་དགོན་པར་དོ་སྣང་མ་བྱུང་བ་རེད་ཅེས་བཤད། མཁར་དམར་དགོན་པ་སྒོ་མ་བརྒྱབ་པའི་སྔོན་དེར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་བོད་རང་སྐྱོང་ལྗོངས་ལ་རྟོག་ཞིབ་ཏུ་བསྐྱོད་ནས་ཆོས་ལུགས་ཀྱི་ལས་དོན་རྣམས་དམར་ཤོག་ཚོགས་པའི་བཀོད་འདོམས་ལྟར་འཛིན་སྐྱོང་བྱ་དགོས་ཞེས་བསྒྲགས། ཞིས་ཅིན་ཕིང་གི་གཏམ་བཤད་རྗེས་སུ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་མཁར་དམར་དགོན་པའི་ཡོང་འབབ་དང་འཛིན་སྐྱོང་ལ་སྟངས་འཛིན་བྱས་ཡོད་པ་རེད། ཡིན་ནའང་བོད་པའི་བླ་མ་དེས་རྒྱ་གཞུང་གི་བཀོད་ཁྱབ་ལ་མོས་མཐུན་མ་བྱས་པས་གཞུང་གིས་དོ་དམ་བྱས་པ་རེད་ཅེས་གྲོང་གསེབ་དེའི་ཚོང་ཁང་བདག་པོ་ཞིག་གིས་གསར་འགོད་པར་གསང་གཏམ་བཤད་འདུག

མི་གཞན་པ་ཞིག་གིས་སྐད་སྒྱུར་ཞིག་བརྒྱུད་ནས་རྒྱ་གཞུང་གིས་དམིགས་བསལ་ཉེན་རྟོག་པ་བཏང་ནས་དགོན་པར་སྔོག་བཤེར་བྱས་ཏེ་དངུལ་སྒོར་ཕོན་ཆེན་ཞིག་ཐོན་པ་རེད། ད་ལྟ་དགོན་པའི་འཁྲིས་སུ་ལམ་བཀག་ནས་འགྲོ་ས་མེད་པར་བཏང་འདུག སྲིད་གཞུང་གིས་མཁར་དམར་དགོན་པར་ཕྱི་རྒྱལ་ནས་དངུལ་སྒོར་ཞལ་འདེབས་འབྱོར་གྱི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་འདྲ། ཡིན་ནའང་རྒྱ་ནག་གི་གྲོང་ཁྱེར་ཁག་གི་འབྱོར་ལྡན་པ་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པར་འགྱུར་གྱི་ཡོད་པས་མཁར་དམར་དགོན་པའི་འབྱོར་པ་རྒྱས་པ་རེད། རྒྱ་ནག་གི་ནང་པ་ཚོ་དགོན་པར་མཆོད་མཇལ་དང་གནས་སྐོར་ལ་ཡང་ནས་ཡང་དུ་ཡོང་གི་ཡོད་པས་དགོན་པའི་ཡོང་འབབ་ཇེ་མང་དུ་སོང་བ་རེད། སྔོན་ཆད་སྲིད་ཇུས་ཅུང་ཙམ་གུ་ཡངས་ཡིན་པའི་དུས་སུ་རྒྱ་ནག་རྒྱལ་ཡོངས་ནས་ནང་པ་སྟོང་ཕྲག་མང་པོ་མཁར་དམར་དགོན་པར་མཇལ་སྐོར་ལ་ཡོང་གི་རེད་ཅེས་བཤད། གསར་འགོད་པ་ཨེ་མཱི་ལི་ཧྥེང་གིས་མཁར་དམར་དགོན་པའི་གྲྭ་བཙུན་མང་ཆེ་བ་བོད་པ་མ་རེད། ཁོ་ཚོ་རྒྱ་ནག་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པར་མ་ཟད། མེཀ་སི་ཨོ་ཌི་མན་ཞེས་པའི་ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཞིག་གིས་མཁར་དམར་དགོན་པ་སྒོ་བརྒྱབ་པར་བལྟས་ཚེ། བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་གི་སྤྱི་ཚོགས་སུ་ཡོངས་ཁྱབ་ཀྱི་ཆོས་ལུགས་ཤིག་ལ་གྱུར་ཡོད་པའི་སྣ་ཚུལ་ཞིག་འདུག ས་མཚམས་ཀྱི་མི་རིགས་དེ་ཚོར་རྒྱ་ནག་གི་ཁྱད་འཕགས་རིག་གཞུང་ཟེར་བ་དེས་ཤུགས་རྐྱེན་ཐེབས་མ་ཐུབ་པར་བོད་བརྒྱུད་ནང་བསྟན་གྱིས་རྒྱ་ནག་པ་ཚོར་ཤུགས་རྐྱེན་གྱི་ཐེབས་ཀྱི་ཡོད་པར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་དོགས་ཟོན་དང་སྐྲག་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་བསྟན།།

གསར་འགོད་པ་ཨེ་མཱི་ལི་ཧྥེང་གིས་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་གི་འབྱོར་ལྡན་པ་དང་མི་སྣ་གྲགས་ཅན་ཚོས་དད་མོས་ཆེན་པོ་བྱ་ཡུལ་གྱི་ཆོས་ལུགས་ཤིག་ཏུ་གྱུར་འདུག བོད་བརྒྱུད་ནང་བསྟན་ལ་རྒྱ་ནག་པ་རྣམས་འགུགས་ཐུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡོད་པར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་བློ་འཚབ་བྱེད་ཀྱི་ཡོད་ཅིང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག ཟླ་ཤས་གོང་དུ་རྒྱ་ནག་གཞུང་གིས་མཁར་དམར་དགོན་པ་སྒོ་བརྒྱབ་ཀྱང་ས་གནས་ཀྱི་ཡུལ་མི་ཚོས་ཡུན་རིང་མི་འགོར་པར་དགོན་པ་བསྐྱར་དུ་སྒོ་འབྱེད་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཁ་སྔོན་ཕྱི་ཟླ་༨་པའི་ཚེས་༧་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། མཁར་དམར་དགོན་པ་ནི་དུས་རབས་༡༢་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱ་སྐྱེད་མཛད། སྤྱི་ཚོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྙན་ཐུང་ཞིག་ཁྱབ་བཞིན་པ་དེའི་ནང་དུ་མཁར་དམར་དགོན་པའི་གྲྭ་བཙུན་ཚོས་ངུ་འབོད་ཆེན་པོས་ཞི་བའི་ངོ་རྒོལ་བྱས་འདུག ཁོང་ཚོས་འཕྲེད་དར་འཕྱར་པ་དེའི་ཐོག་ཏུ་དགེ་འདུན་པ་ཚོ་བཙན་དབང་གིས་ཕྱིར་འབུད་དང་སྐྱ་སར་འབབ་དགོས་ཟེར་གྱི་འདུག འདི་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་རྒྱབ་འགལ་རེད་ཅེས་བཀོད་འདུག མཁར་དམར་དགོན་པ་སྒོ་རྒྱག་དགོས་དོན་ནི་ན་ནིང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་མཁར་དམར་དགོན་པའི་བླ་མ་ཀུན་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་གྱིས་ས་གནས་གང་སའི་སློབ་མ་ཚོའི་ལག་ནས་རྒྱ་སྒོར་ཁྲི་༣༠་ཡས་མས་ཤིག་ཞལ་འདེབས་བསྡུས་པར་ས་གནས་སྲིད་གཞུང་གིས་དགོན་པར་རྒྱ་སྒོར་ཕོན་ཆེན་དེའི་ཡོང་ཁུངས་འདྲི་རྩད་བྱས་ཡོད་པ་རེད། ལོ་རེའི་དགོན་པའི་ཡོང་འབབ་དང་ས་ཁང་ཕྱེད་ཀ་ས་གནས་སྲིད་གཞུང་ལ་སྤྲོད་དགོས་པའི་བཙན་བཀའ་བཏང་བར་མཁར་དམར་དགོན་པས་ངོས་ལེན་མ་བྱས་པས་ས་གནས་སྲིད་གཞུང་གིས་མཁར་དམར་དགོན་པ་སྒོ་བརྒྱབ། གྲྭ་བཙུན་རྣམས་སྐྱ་སར་འབབ་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་འཐོན་གྱི་འདུག་ཅེས་གསར་འགྱུར་སྤེལ་ཡོད་པ་རེད།།

XS
SM
MD
LG